ཨི་ཊ་ལིས་རྒྱ་ནག་མི་དམངས་ཀྱི་སེམས་རྨས་སོང་ཟེར།

ཨི་ཊ་ལི་རོམ་གྲོང་ཁྱེར་གྱིས་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་སྤྲད་པ་དེས་རྒྱ་ནག་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་སོང་ཟེར།

ཕྱི་ཚེས་ ༩ ཉིན་རོག་གྲོང་ཁྱེར་གྱིས་༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་འདི་ཞི་བའི་ལམ་ནས་སེལ་ཐབས་གནང་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཁག་གི་བར་ཞི་བདེ་ཡོང་ཐབས་ལ་ཐུགས་བརྩོན་གནང་བའི་གཟེངས་བསྟོད་མཚོན་ཆེད་དུ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་བསྟོད་ཕྱག་འཁྱེར་ཕུལ་ཡོད་པ་རེད།

ཕྱི་ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨི་ཊ་ལི་ཡི་བྱེད་སྟངས་འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་དང་། རྒྱ་ནག་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་ཡོད་སྟབས། ནོར་འཁྲུལ་འདི་ལམ་སེང་ཡོ་བསྲང་བྱེད་དགོས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨི་ཊ་ལིའི་རོམ་གྲོང་ཁྱེར་སྤྱི་ཁྱབ་ནས་གདན་ཞུ་གནང་བ་བཞིན། ཚེས་ ༧ ཉིན་༧གོང་ས་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གྱི་མི་སེར་མཚན་གནས་ཀྱི་ཕྱག་འཁྱེར་བཞེས་ཆེད་བཞུགས་སྒར་ནས་ཆིབས་ཐོན་གནང་ཡོད་པ་དང༌། ཚེས་ ༨ ཀྱི་དགོང་དྲོ་ཨི་ཊ་ལིའི་རོམ་གྲོང་ཁྱེར་དུ་ཕེབས་འབྱོར་བྱུང་ཡོད། གནམ་ཐང་དུ་ཨི་ཊ་ལི་རོམ་གྲོང་ཁྱེར་སྤྱི་ཁྱབ་ཕྱི་འབྲེལ་སློབ་སྟོན་པ་སྐུ་ཞབས་མཱ་རོ་ཝེ་ཊ་ནི་དང་ཡུ་རོབ་སྐུ་ཚབ་དོན་གཅོད་ཆོས་སྐྱོབ་པ་ཚེ་བརྟན་བསམ་གྲུབ་སོགས་ཕེབས་བསུར་བཅར་ཡོད་པ་དང༌། གནམ་ཐང་གི་ཉེན་སྲུང་སོགས་དམིགས་བསལ་སྐུ་མགྲོན་ཕེབས་པའི་ལམ་ནས་གོ་སྒྲིག་བྱས་ཡོད་འདུག ཨི་ཊ་ལི་རོམ་གྲོང་ཁྱེར་གཞུང་ནས་ཕེབས་ལམ་གྱི་གྲོང་ཁྱེར་ནང་དུ་ཉེན་རྟོག་པ་མང་པོ་བསྐོ་འཇོག་གནང་སྟེ་སྐུའི་བདེ་འཇགས་ལ་དང་དོད་ཆེན་པོ་བྱེད་ཀྱིན་ཡོད་པའི་རྣམ་པ་གོ་སྒྲིག་བྱས་ཤིང༌། དེ་བཞིན་བོད་རིགས་མང་ཚོགས་དང་ཆོས་ཚོགས་ཁག་ནས་ ཕེབས་པའི་གྲྭ་བཙུན་སོགས་གཙོས། མི་གྲངས་བརྒྱ་ཕྲག་འགའ་མགྲོན་ཁང་གི་མདུན་དུ་༧གོང་ས་མཆོག་ལ་ཕེབས་བསུར་བཅར་ཡོད་འདུག 
མགྲོན་ཁང་གི་ནང་དུ་རོམ་སྤྱི་ཁྱབ་གཞུང་གིས། གསར་འགོད་པ་ཚོས་༧གོང་ས་མཆོག་ལ་དུས་ཚོད་ཐུང་ཐུང་ཞིག་ལ་བཀའ་འདྲི་ཞུ་ཆོག་པའི་གོ་སྒྲིག་གནང་ཡོད་པ་དང༌། སྐབས་དེར་༧གོང་ས་མཆོག་གིས་ཁོང་གི་སྐུའི་དགོངས་པ་གཙོ་བོ་གསུམ་སྟེ། མི་ཚེའི་རིན་ཐང་དང་ཆོས་ལུགས་འཆམ་མཐུན། བོད་ཀྱི་གནད་དོན་བཅས་དོན་ཚན་གསུམ་གྱི་སྒང་ལ་བཀའ་གནང་ཡོད་འདུག་ལ། ༧གོང་ས་མཆོག་གིས་ད་ལྟའི་ཆར་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་སེམས་འཚབ་སྐྱེས་དགོས་པ་ཞིག་ཡིན་ཡང༌། ད་དུང་བོད་རྒྱའི་དཀའ་རྙོག་སེལ་བར་རེ་བ་ཡོད་པར་གསུངས་ཡོད་འདུག ཚེས་ ༩ ཉིན་༧གོང་ས་མཆོག་གིས་ཨི་ཊ་ལི་རྒྱལ་ཡོངས་བརྙན་འཕྲིན་དང་ཚགས་པར། དུས་དེབ་སོགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཡོད་པ་དང༌། དེའི་རྗེས་༧གོང་ས་མཆོག་ཨི་ཊ་ལི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་ ༣༠ དང་མཇལ་འཕྲད་གནང་ཡོད་འདུག ཉིན་གུང་རྗེས་རོམ་གྲོང་ཁྱེར་སྤྱི་ཁྱབ་ནས་༧གོང་ས་མཆོག་ལ་ཚད་མཐོའི་མཚན་སྙན་སྟེ། རོམ་གྲོང་ཁྱེར་གྱི་མི་སེར་ཞེས་པའི་མཚན་གནས་ཕྱག་འཁྱེར་འབུལ་ཞུ་རྒྱུ་ཡིན་པ་རེད།  ༧གོང་ས་མཆོག་ལ་མཚན་གནས་འདི་འབུལ་དོན་ནི་ཁོང་གི་མཛད་འཕྲིན་གྱིས་འགྲོ་བ་མིའི་ཐོབ་ཐང་ཐད་ཕན་ནུས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང༌། དེ་བཞིན་ཁོང་གིས་འཚེ་བ་མེད་པའི་ལྟ་གྲུབ་ཐོག་བོད་ཀྱི་དཀའ་ངལ་སེལ་བར་འབད་བ་གནང་བཞིན་པར་ཆེ་བསྟོད་ཀྱི་ཆེད་དུ་ཡིན་འདུག

ཕྱི་ཚེས་ ༡༠ ཉིན་འཇར་མན་གྱི་གྲོང་ཁྱེར་བྷ་དན་དུ་ཆིབས་བསྒྱུར་གྱིས་འཇར་མན་གསར་འགྱུར་བརྒྱུད་ལམ་གྱི་ཆེ་བསྟོད་གཟེངས་རྟགས་ Deutsch medienpreis ཞེས་པ་དེ་འབུལ་བཞེས་གནང་རྒྱུ་དང༌།   ཚེས་ ༡༢ ཉིན་ཕྱིར་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད། འཇར་མན་གྱི་ Deutsch medienpreis ཞེས་པའི་གཟེངས་རྟགས་དེ་ནི་ ༡༩༩༢ ལོ་ནས་མགོ་བཙུགས་ཏེ། ལོ་རེ་བཞིན་རྒྱལ་ཁབ་དང་མི་རིགས་ལ་དབྱེ་བ་མེད་པར་འཛམ་གླིང་གི་ཁྱད་དུ་འཕགས་པའི་མི་ཆོས་ཀུན་སྤྱོད་ཀྱི་ཡོན་ཏན་ལྡན་པའི་སྐྱེས་བུ་དམ་པ་དག་ལ་འབུལ་བཞིན་ཡོད་འདུག གཟེངས་རྟགས་འདི་བཞེས་མྱོང་མཁན་གྱི་གྲས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་བ་ཁོ་ཧཕི་ཨ་ནཱན་དང་ལྷོ་ཨབ་རི་ཀའི་ཞི་བདེ་དེད་དཔོན་ནེལ་སོན་མན་ཌ་ལ།  པཱ་ལི་སི་ཐན་གྱི་དབུ་ཁྲིད་འདས་པོ་ཡེ་སེར་ཨ་ར་ཧཕ་ཐི། ཨ་རིའི་སྲིད་འཛིན་ཟུར་བ་བྷེལ་ཁི་ལིན་ཊོན་བཟའ་ཟླ་གཉིས་བཅས་ཡོད་འདུག   ༢༠༠༨ ལོའི་འཇར་མན་གསར་འགྱུར་བརྒྱུད་ལམ་གྱི་བྱ་དགའ་འདི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་འབུལ་དོན་ནི་༧གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཐད་ཕྱག་ལས་གནང་བ། ལྷག་པར་དུ་འཛམ་གླིང་གི་ཆོས་ལུགས་ཁག་ཕན་ཚུན་ལ་མཐུན་སྒྲིལ་དང་བརྩི་བཀུར་བྱེད་དགོས་པའི་རླབས་ཆེན་གྱི་དགོངས་གཞི་བཅས་ལ་ཡི་རང་དང༌། མངོན་པར་བསྟོད་དེ་ཕུལ་བ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད། 

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

3 thoughts on “ཨི་ཊ་ལིས་རྒྱ་ནག་མི་དམངས་ཀྱི་སེམས་རྨས་སོང་ཟེར།

  1. གཞིས་ལུས་བོད་པ།

    བོད་ཡུལ་ཟ་འདོད་ཀྱི་ཧམ་སེམས་དང་བཟའ་བཞིན་པའི་སྤྱང་ཀི་རྒྱ་ནག་གིས་རྒྱུན་དུ་༧གོང་ས་མཆོག་གི་མཛད་འཕྲིན་ལ་བར་ཆད་བྱེད་ཀྱིན་ཡོད་མོད་༧སྐྱབས་མགོན་མཆོག་གི་ཁོག་ཡངས་དང་བྱམས་སེམས་ཀྱི་ཉི་འོད་ལ་བརྟེན་ནས་ཕྱི་ལོགས་ལ་ལྟོས་ནས་བཤད་ན་མཛད་འཕྲིན་གྱི་གྲོགས་སུ་ཡང་འགྱུར་སྲིད། ཡིན་ནའང་སྲིད་གཞུང་འདིས་རྒྱ་ནག་མི་དམངས་ལ་ནམ་ཡང་མགོ་སྐོར་གཏོང་གྱིན་ཡོད་པ་རེད། སྙིང་རྗེ།

  2. བོད། ཤ་ཁྲག་རུས་གསུམ།

    ཡིད་བཞིན་ནོར་བུ་ལ་གཟེངས་རྟགས་ག་ཚོད་ཐོབ་པ་དེ་ཙམ་གྱིས་རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་གི་སྙིང་ལ་ན་ཟུག་དེ་ལས་ལྷག་ཞིག་རྒྱག་གི་ཡོད་པ་རེད། དངོས་ནས་སྙིང་རྗེ་བ་རང་རེད། བསམ་མེད་ཀྱི་བྱིས་པ་ལྟར་ད་དུང་ངན་དམོད་རྐྱང་རྐྱང་དང་སྐྱག་རྫུན་རྐྱང་རྐྱང་གིས་རྒྱ་ནག་མི་དམངས་ལ་མགོ་བསྐཽར་བྱས་དེ་ལོ་ངོ་ག་ཚོད་ཀྱི་ཁུངས་འཆོལ་སྲིད་དམ།