བོད་མི་ ༧༦ ལ་ཁྲིམས་ཆད།

སྔར་ལོའི་ཞི་རྒོལ་སྐབས་འཇུས་པའི་བོད་མི་ ༧༦ ཁྲིམས་ཆད་ཕོག་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག

དེ་རིང་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༠ ཡི་དགོང་དྲོའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་འཐུས་མི་གཞོན་པ་ཉི་མ་ཚེ་རིང་གིས།  ལྷ་ས་ནས་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་ཞི་རྒོལ་སྐབས་འཇུས་པའི་ཁྲོད་བོད་མི་ ༧༦ ལ་ཁྲིམས་ཐག་བཅད་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་འདུག  ཁོས་བཤད་དོན།  གཞུང་གང་འདྲ་ཞིག་ཡིན་ཡང་རྒྱལ་ཁབ་ཀྱི་བདག་དབང་དང་ཁྲིམས་ལུགས། བདེ་འཇགས་ལ་གནོད་པའི་ཟིང་ཆ་བསླངས་ན་རྒྱལ་ཁབ་དེའི་དབུས་གཞུང་གིས་འགན་ཁུར་གྱིན་ཡོད་པ་རེད། ཅེས་ཞི་རྒོལ་དེ་རྒྱ་ནག་དབུས་གཞུང་གི་བདག་དབང་དང་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཡོད་པར་བསྒྲགས་ཡོད་འདུག་ལ། ཁོས་མུ་མཐུད་དོན། བོད་རིགས་མི་དམངས་ཀྱིས་ད་ལྟའི་ཆར་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་པ་དང༌། ད་ལོའི་དམིགས་བསལ་དུས་ཆེན་སྐབས་སུ་སྤྲོ་སྐྱིད་ལ་མི་རོལ་བའི་རྒྱུ་མཚན་གང་ཡང་མེད་ལ། ལྷ་ས་སྔར་བཞིན་བདེ་འཇགས་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་རྒྱུན་ལྡན་ཡིན།  ཅེས་བོད་མི་ཚོས་ལོ་སྔོན་མར་འདས་གྲོངས་སུ་སོང་བའི་བོད་མི་སྤུན་ཟླ་ཚོའི་ཆེད་དུ་ལོ་གསར་གཙོས་པའི་དུས་ཆེན་ལ་རོལ་གི་མིན་ལབ་བཞིན་པར་དམིགས་ནས་བརྗོད་ཡོད་འདུག

བོད་རང་སྐྱོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚའོ་པེན་ཅང་གིས་གསར་འགོད་ལྷན་ཚོགས་འདིའི་ཐོག་ཏུ། སྔར་ལོའི་ཟླ་ ༣ ཚེས་ ༡༤ ཉིན་དོན་རྐྱེན་བྱུང་རྗེས། ལྷ་སར་མི་མང་གི་བདེ་འཇགས་གཙིགས་སུ་བཟུང་ནས་དོ་དམ་བྱེད་བཞིན་ཡོད་པ་དང༌། ང་ཚོའི་རེ་བ་ནི་ལྷ་སའི་ནང་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུ་དེ་ཡིན་ཡང༌། མི་ཁ་ཤས་ཀྱིས་ལྷ་སའི་དཔལ་འབྱོར་ཡར་རྒྱས་སོང་བ་དང་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པར་མ་དགའ་བ་བྱེད་ཀྱིན་ཡོད་པ་རེད། ཅེས་བཤད་འདུག

དེ་བཞིན་ཉི་མ་ཚེ་རིང་གིས་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་ཁ་ཤས་ཀྱིས་རྒྱ་ནག་མི་མང་གི་ཚོར་བ་དང་རྒྱ་ནག་ནང་ཁུལ་གྱི་དངོས་ཡོད་གནས་སྟངས་ལ་བསམ་ཞིབ་མ་བྱས་པར་ཏཱ་ལའི་བླ་མའི་ལངས་ཕྱོགས་ལ་མགོ་འཁོར་གིན་ཡོད་པའི་གཏམ་བཤད་ཀྱང་བྱས་ཡོད་འདུག ཁོས། ཁོ་ཚོས་ཏཱ་ལའི་བླ་མའི་འཁྱོག་བཤད་དེ་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ལག་ཆ་ཁོ་ནར་ངོས་འཛིན་བྱེད་ཀྱིན་འདུག འདིས་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་དང་འཆམ་མཐུན་ལ་གནོད་ཀྱིན་ཡོད་ཅེས་ཀྱང་བཤད་ཡོད་འདུག

ཞིན་ཧྭ་གསར་འགྱུར་ཁང་གིས་ཉེ་ཆར་བོད་མི་ ༥༥ ལ་མ་གཏོགས་ཁྲིམས་ཐག་བཅད་མེད་པའི་གནས་ཚུལ་སྤེལ་ཡོད་ཀྱང༌། དེ་རིང་བོད་མི་ ༧༦ ལ་ཁྲིམས་ཆད་ཕོག་ཡོད་པའི་གནས་ཚུལ་སྤེལ་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “བོད་མི་ ༧༦ ལ་ཁྲིམས་ཆད།

  1. གཞིས་ལུས་བོད་པ།

    ད་ལོ་བོད་ཡོངས་ནས་ཁྲིམས་ཐག་བཅད་པ་རྣམས་ཀྱི་ནང་དུ་ཕོ་དུ་ཡོད་དང་མོ་དུ་ཡོད། ལས་བྱེད་པ་དུ་ཡོད། གྲྭ་བ་དུ་ཡོད་བཅས་རགས་རིམ་ཞིག་ཡོད་དམ།