མི་དགུའི་ལོ་རྒྱུས་ཁྲོད་ཀྱི་བོད་པ།

དབྱིན་ཡུལ་གྱི་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཆེན་ཞིག་བཞུགས་སྒར་ངྷ་རམ་ས་ལར་ཡོང་སྟེ། བོད་རིགས་རྒན་རབས་པ་ཞིག ཁོས་ད་ལྟ་འབྲི་བཞིན་པའི་མི་དགུའི་ལོ་རྒྱུས་ཞེས་བའི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣར་བདམས་ཡོད་པ་རེད།

དེ་རིང་ཕྱི་དྲོ་ཆུ་ཚོད་ ༤ བའི་སྟེང་གངས་སྐྱིད་བོད་གཞུང་དཔེ་མཛོད་ཚོགས་ཁང་དུ། ངྷ་རམ་ས་ལའི་བོད་དོན་གླེང་བ་ཞེས་པའི་ཚོགས་མིའི་གོ་སྒྲིག་འོག དབྱིན་ཡུལ་སི་ཁའོ་ཌ་ལན་ཊི་ནས་ཡིན་པའི་རྩོམ་པ་པོ་གྲགས་ཆེན་ཝེ་ལེམ་ངྷལ་རོམ་ཧྤོལ་ལགས་ཀྱིས་བོད་པ་གཙོས་པའི་ཕྱི་རྒྱལ་བ་མང་པོ་ཞིག་ལ། ཁོང་གི་བརྩམས་ཆོས་དག་གི་ལྟ་གྲུབ་དང་འབྲེལ་ཏེ། ལོ་རྒྱུས་དང་བརྩམས་སྒྲུང་རིགས་ཀྱི་ཐད་དུ་གཏམ་བཤད་བྱས་ཤིང༌། ཚོགས་ཞུགས་པའི་དྲི་བར་ལན་འདེབས་བྱས་སོང༌།

 

སྐབས་དེར་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྐུ་ཞབས་ཝེ་ལེམ་ངྷལ་རོམ་ཧྤོལ་ལགས་ཀྱི་ལོ་རྒྱུས་དང༌། ཐེངས་འདིར་ཁོ་རང་བཞུགས་སྒར་དུ་ཡོང་དོན་བཅས་ངོ་སྤྲོད་གནང་དོན། རྩོམ་པ་པོ་གྲགས་ཆེན་སྐུ་ཞབས་ཝེ་ལེམ་ངྷལ་རོམ་ཧྤོལ་ལགས་ནི། ལོ་ཆུང་ངུའི་དུས་ནས་རྩོམ་འབྲི་རྒྱུར་དགའ་ཞིང་ཁོ་རང་ལོ་ ༢༢ ཐོག ཨེན་རྫ་ན་རྡུའུ། ཞེས་བའི་ལོ་རྒྱུས་རང་བཞིན་གྱི་བརྩམས་སྒྲུང་ཞིག་བྲིས་ཡོད་པ་དེ། འཛམ་གླིང་ལ་སྐད་གྲགས་ཆེན་པོ་ཆགས་ཤིང་བྱ་དགའ་མང་པོ་ཐོབ་ཡོད། དེ་མིན་གྱི་དཔེ་དེབ་ ༦ ཙམ་བྲིས་ཡོད་པ་དང༌། བརྩམས་ཆོས་ཕལ་ཆེ་བ་རྒྱལ་རབས་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་སྒྲུང་ཡིན་ལ། ཁོང་གིས་རྒྱ་གར་གྱི་ལོ་རྒྱུས་ལ་ཧ་ཅང་དགའ་མོས་ཆེན་པོ་བྱེད་ཀྱིན་ཡོད། ཁོས་བྲིས་པའི་བརྩམས་སྒྲུང་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ལྡན་པ་ནི། རྒྱལ་ཁབ་དང་མི་རིགས། མི་སྒེར་སུ་ཞིག་གི་ལོ་རྒྱུས་བྲིས་ཀྱང༌། ཞིབ་འཇུག་དཔྱད་བསྡུར་མཐར་ཕྱིན་བྱས་ཏེ། ཁོར་ཡུག་དང་མི་སྣ། གནད་དོན་རེ་རེ་བཞིན་ཞིབ་འབྲི་བྱས་ཡོད།

 

ཐེངས་འདིར་ཁོང་བཞུགས་སྒར་ངྷ་རམ་ས་ལར་ཡོང་དོན་ནི། དེང་སྐབས་ཁོང་གིས། མི་དགུའི་ལོ་རྒྱུས། ཞུ་བའི་ད་སྔ་འཛམ་གླིང་ལ་ཡོངས་སུ་མ་གྲགས་པའི་མི་དམངས་དཀྱུས་མའི་ཁྲོད་ཀྱི་ཡིད་སེམས་འགུག་པའི་ངོ་མཚར་གྱི་ལོ་རྒྱུས་རིང་བའི་གནད་ཡོད་མི་སྣ་ ༩ ཡི་ལོ་རྒྱུས་འབྲི་བཞིན་ཡོད་ལ། མི་དགུའི་ལོ་རྒྱུས། ཟེར་བའི་བརྩམས་སྒྲུང་དེའི་ནང་གི་མི་སྣ་གཅིག་ངྷ་རམ་ས་ལར་གནས་བཞུགས་བོད་རིགས་པ་སངས་ལགས་རེད། བོད་རིགས་པ་སངས་ལགས་ནི་ད་ལྟ་དགུང་ལོ་ ༧༣ ཙམ་ལ་སླེབས་ཡོད་པ་དང༌། ཁོང་སྔོན་མ་རྒྱ་དམག་བོད་དུ་མ་སླེབས་གོང་ལ་གྲྭ་བ་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་མི་མང་པོ་བསད་ཅིང༌། དགོན་སྡེ་གཏོར་བཅོམ་བྱས་སྐབས། ཁོང་གིས་བོད་བསྟན་པ་ཆབ་སྲིད་སྲུང་སྐྱོབ་ཆེད། སྡོམ་པ་ལྷ་ལ་ཕུལ་ཏེ་མེ་མདའ་དང་མཚོན་ཆ་ཐོགས་ཏེ་དམག་ལ་ཞུགས་ཞིང༌། འཐབ་འཛིང་ཁྲོད་ལོ་ ༢༠ ལྷག་བཞུགས་འདུག རྗེས་སུ་རྒྱ་གར་ནང་ཡོང་རྗེས་སྡོམ་པ་བསྐྱར་དུ་བཞེས་ཏེ། ད་ལྟ་ངྷ་རམ་ས་ལའི་རྒན་གསོ་ཁང་དུ་བཞུགས་ཡོད་པ་རེད། ཅེས་ངོ་སྤྲོད་གནང་བྱུང༌།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “མི་དགུའི་ལོ་རྒྱུས་ཁྲོད་ཀྱི་བོད་པ།

  1. ད་བར་གྱི་ང་ཚོའི་བཙན་བྱོལ་གྱི་སྤྱི་ཚོགས་ནང་རྩོམ་རིགས་ཀྱི་ཐོག་ནས་སྟོང་ཆ་མང་པོ་ཞིག་བསྐང་རྒྱུར་ལྷག་ཡོད་ཅིང་།
    ལྷག་པར་བརྩམས་སྒྲུང་གི་སྐོར་འདི་ཡིན།
    ང་ཚོའི་ཁོར་ཡུག་འདིའི་ནང་རྩོམ་རིག་དེབ་འདྲ་མིན་ཐོན་བཞིན་ཡོད་ཀྱང་།
    བོད་མིའི་སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་བརྩམས་སྒྲུང་འབྲི་མཁན་ཧ་ཅང་དཀོན་པ་འདི་སྟོང་ཆ་གཅིག་ཡིན།
    དེའི་ང་ཚོས་དོ་སྣང་བྱ་གལ་ཧ་ཅང་ཆེ་བར་མཐོང་།
    ནོ་སྦེལ་རྩོམ་རིགས་བྱ་དགའ་ཐོབ་མཁན་གྱི་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཚང་མ་བརྩམས་སྒྲུང་གི་སྟེང་ནས་བྱ་དགའ་ཐོབ་པ་ཤ་སྟག་མ་ཡིན་ནམ།

    ད་དུང་ང་ཚོའི་བྱིས་པ་ཚོར་བྱིས་སྒྲུང་ཡང་ཧ་ཅང་མཁོ་ཆེ་བ་མ་ཡིན་ནམ།

  2. བོད། ཤ་ཁྲག་རུས་གསུམ།

    ཕྱི་རྒྱལ་བ་སྤྱང་བོ་འདིས་མི་འདམ་པ་དངོས་ནས་ནོར་མི་འདུག ད་ནི་བོད་པ་ཚང་གི་སྡོམ་པ་ལྷ་ལ་འབུལ་ཞེས་པའི་བསྐོར་གྱི་གློག་བརྙན་གསར་བ་ཞིག་ཀྱང་མི་རིང་བར་སླེབས་མི་སྲིད་པ་མ་རེད། ཕྱི་རྒྱལ་བ་དེ་དག་གིས་མ་གོ་བ་ཞིག་གསར་བར་འདོད་ཀྱི་ཡོད་ལ། དེ་དག་ལ་ཁོང་ཚོ་ཧ་ཅང་སྤྲོ་སྣང་ཡོད་པ་རེད།