རྒྱ་ནག་གཞུང་གིས་བོད་མི་ཚོར་བཙན་གནོན་བྱེད་བཞིན་པར་བརྟེན། བོད་མི་རིགས་ཀྱི་ཁོང་ཁྲོ་ཇེ་ཆེ་རེད་ལ། དུས་ཚོད་ངེས་མེད་ཀྱི་ནང་དུ་སླར་ཡང་ལངས་ཏེ་ངོ་རྒོལ་བྱེད་པའི་ཉེན་ཁ་འདུག་ཅེས་༧གོང་ས་མཆོག་གིས་གསུངས་ཡོད་ལ། རྒྱ་ནག་གཞུང་གི་མགྲིན་ཚབ་པས་བོད་ནང་བརྟན་ལྷིང་ཡིན་ལབ་ཀྱི་འདུག
ཚེས་ ༡༠ ཉིན་འཇར་མན་གྱི་གྲོང་ཁྱེར་བྷ་ཌན་དུ་འཇར་མན་གསར་འགྱུར་བརྒྱུད་ལམ་གྱི་ཆེ་བསྟོད་གཟེངས་རྟགས་ Deutsch medienpreis ཞེས་པ་དེ་༧གོང་ས་མཆོག་ལ་འབུལ་བཞེས་གནང་སྐབས། ༧གོང་ས་མཆོག་གིས་འཇར་མན་ཚོང་པ་དང་གསར་འགོད་ལས་རིགས་ཀྱི་མི་སྣ་ ༦༠༠ ལྷག་ལ། གཞིས་ལུས་བོད་མི་ཚོའི་གནས་སྟངས་ཐད་བཀའ་མོལ་གནང་དོན། རྒྱ་ནག་གི་དཔོན་རིགས་ཚོས་ལྟ་བ་གུ་དོགས་པོའི་ངང་བོད་མིའི་ཡིད་ཆེས་བྱེད་ས་དང་བོད་ཀྱི་རིག་དངོས་རྒྱུད་འཛིན་བྱེད་པ་ནི་ཉེན་ཁ་དང་འཇིགས་སྣང་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་མོད། ང་ཚོ་ནི་ཉེན་ཁ་དང་འཇིགས་སྣང་ཡོད་པ་དེ་འདྲ་མ་ཡིན་པར། རྒྱ་ནག་གི་རྒྱུ་དངོས་གལ་ཆེན་ཆགས་ཡོད། ཅེས་དང༌། ད་ལྟའི་ཆར་གཞིས་ལུས་བོད་མིའི་གནས་སྟངས་ཛ་དྲག་དང་ཐབས་སྐྱོ་བོ་རེད་ལ། བོད་མི་ཚོར་སྲོག་གི་ཉེས་ཆད་འགེལ་གྱིན་འདུག རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་བཙོན་དུ་བཅུག་ནས་དྲག་སྤྱོད་དང་བཙན་གནོན་བྱེད་བཞིན་ཡོད་པ་དང༌། དྲག་ཆས་སྤྲས་པའི་དམག་མི་ཚོས་བོད་རིགས་མང་ཚོགས་ལ་འཇིགས་སྣང་སྐུལ་བཞིན་པ་སོགས་ཀྱིས་བོད་མི་ཚོར་ཁོང་ཁྲོང་སྐྱེས་གིན་ཡོད་ལ། ཁོང་ཁྲོ་དེའི་ཁྲོད་ནས་བོད་མི་ཚོས་དུས་ཚོད་ངེས་མེད་དུ་རྒྱ་ནག་གཞུང་ལ་སླར་ཡང་ངོ་རྒོལ་གནང་རྒྱུའི་ཉེན་ཁ མཐོང་གི་འདུག ཅེས་གསུངས་ཡོད་འདུག
༧གོང་ས་མཆོག་གིས་མུ་མཐུད་ནས་སྐུ་སྒེར་དང་བོད་མིའི་འཐབ་རྩོད་ཐད་ལ། རྒྱ་ནག་གཞུང་གི་ནོར་འཁྲུལ་ཆེ་ཤོས་ནི་ཏཱ་ལའི་བླ་མའི་མི་ཚེ་མཇུག་རྫོགས་སོང་ན། བོད་ཀྱི་གནད་དོན་འདི་ཡང་རང་བཞིན་གྱིས་མེད་པར་འགྲོ་བར་འདོད་པ་འདི་རེད། བོད་མིའི་འཐབ་རྩོད་ཀྱི་གནད་དོན་འདི་དེ་ལས་ལྡོག་ཏེ་དཀའ་རྙོག་མ་སེལ་བར་མུ་མཐུད་དུ་མཇུག་སྐྱོང་གི་རེད། ཅེས་ཀྱང་གསུངས་ཡོད་པ་རེད།
དེ་རིང་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཅང་ཡུའོ་ཟེར་བས་གསར་འགོད་གསལ་བསྒྲགས་སྐབས་སུ། ད་ལྟའི་ཆར་བོད་ནང་གི་གནས་སྟངས་བརྟན་ལྷིང་ཡིན་ཅེས་ཁ་སང་༧གོང་ས་མཆོག་གིས་གསུངས་པའི་བཀའ་མོལ་དེར་ལན་འདེབས་བྱས་ཡོད་པ་རེད། ཡིན་ཡང་། གསར་འགོད་པས་ཁོ་མོར། བོད་ནང་ལ་ཕྱི་རྒྱལ་གྱི་གསར་འགོད་པར་ག་དུས་སྒོ་ཕྱེ་གི་རེད་ཅེས་དྲིས་དུས་ཁོ་མོས་ཁ་ཐུག་གི་ལན་བཏབས་མེད་པར། དེང་སྐབས་ཕྱི་རྒྱལ་གྱི་གསར་འགོད་པ་སྐོར་ཞིག་བོད་ས་ཁུལ་དུ་འགྲོ་བར་དཀའ་ཁག་ཡོད་པ་དངོས་ཡོད་རེད། འོན་ཀྱང་དཀའ་ཁག་འདི་ང་ཚོས་བཟོས་པ་མ་རེད་ལ། ང་ཚོས་མཐོང་མི་འདོད་པའི་གནས་སྟངས་འདྲའང་མ་རེད་ཅེས་བཤད་ཡོད་འདུག
ཚེས་ ༧ ཉིན་༧གོང་ས་མཆོག་ལ་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གྱི་མི་སེར་མཚན་གནས་ཕྱག་ཁྱེར་འབུལ་བཞེས་སྐབས། ༧གོང་ས་མཆོག་གིས། ཉིན་གཉིས་ཀྱི་གོང་དུ་ངེད་ཀྱིས་གནས་ཚུལ་ཐོས་པ་ལྟར་ན། ད་ལྟ་རྒྱ་ནག་གི་དམག་མི་འབོར་ཆེན་བོད་ཀྱི་ས་ཁུལ་ཁག་ཏུ་འགྲེམས་འཇོག་བྱེད་པ་དང༌། ས་གནས་ཉེན་རྟོག་ལས་ཁུངས་ཁག་གིས་ཧ་ཅང་དམ་དྲག་གིས་བརྟན་སྲུང་བྱས་ཏེ། བོད་ནང་གི་གནས་བབ་ཧ་ཅང་ཐབས་རྡུགས་པོ་ཆགས་འདུག གནས་སྟངས་དེའི་རྐྱེན་བྱས་ཏེ་བོད་མི་ཚོ་བསྐྱར་དུ་ཡར་ལངས་བྱ་རྒྱུའི་ཉེན་ཁ་ཞིག་མཐོང་གི་འདུག དེར་ངོས་རང་བློ་འཚབ་ཆེན་པོ་ཡོད། ཅེས་གསུངས་ཡོད་ལ། ༧གོང་ས་མཆོག་གི་གསུང་བཤད་འདིའི་ཐད་རྒྱ་གཞུང་གི་མགྲིན་ཚབ་པས། ཏཱ་ལའི་བླ་མ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་འཁྱམས་ཉུལ་བྱས་ཏེ། བོད་ནང་གི་གནས་བབ་ལ་འཁྱོག་བཤད་བྱས་ཤིང༌། བསྐྱར་དུ་བོད་ནང་གི་བོད་མི་ཚོར་ཡར་ལངས་རྒྱག་རྒྱུར་ངན་སྐུལ་བྱེད་ཀྱིན་འདུག་ཅེས་གསར་འགོད་པ་ཚོར་བརྗོད་ཡོད་པ་རེད།