སངས་རྒྱས་ཀྱི་དཔའ་རྟུལ་ཚོ།

སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དཔེ་དེབ་འདི་ནི། བོད་དོན་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཕྱི་རྒྱལ་གྱི་རྩོམ་པ་པོ་མའེ་ཀེལ་ཌཱ་ནཱམ་ལགས་ཀྱི་བརྩམས་ཤིང༌། སྤྱི་ལོ་ ༢༠༠༥ ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་དཔར་སྐྲུན་ཚོགས་པ་ཊར་ཆར་རམ་པེན་གུན་གྱིས་དཔར་ཐེངས་དང་པོ་དཔར་སྐྲུན་བྱས་ཡོད། དེ་རྗེས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་མཐུན་འགྱུར་རོགས་རམ་འོག བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ཟུར་བ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་སྒྱུར་བྱས་ཏེ། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ པར་རྒྱ་གར་ངྷ་རམ་ས་ལར་བོད་ཀྱི་དུས་གསར་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་བྱས།

དཔེ་དེབ་འདིའི་ནང་དོན་གཙོ་བོ་ནི། དུས་རབས་ཉི་ཤུའི་དུས་དཀྱིལ་གྱི་བོད་ཀྱི་སྲིད་དོན་འཕོ་འགྱུར་ཆེན་མོའི་སྐབས། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱབ་རྩ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་རྣམས་དང༌། རྒྱ་ནག་གི་བཙན་འཛུལ། མཐར་བོད་ཤོར་བ་བཅས་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ཞིང༌། ར་ཧུ་ལས་གཞུ་བཀང་བ་དང་བཙན་ཤེད་ཀྱིས་གཉེན་བསྡེབས་པ་དང་ཉེན་ཁ་ཅན་གྱི་གཙང་པོ། ཁྲག་གི་ཁྲུས་དང་བྱང་ཆུབ་ཤིང༌། མགོན་པོ་བཀྲ་ཤིས་དང་ཨ་རིའི་གསང་བའི་ལས་ཁུངས་བཅས་པ་སོགས་སྡོམ་པའི་ས་བཅད་ ༡༠ དང་ཤོག་ངོས་ ༦༣༣ ཡོད།

རྩོམ་པ་པོ་མའེ་ཀེལ་ཌཱ་ནཱམ་ལགས་བོད་དོན་ལ་ཧ་ཅང་རྒྱུས་མངའ་ཆེ་ཞིང༌། ལོ་ངོ་བཅུ་ཕྲག་རིང་གནད་དོན་ཞིབ་འཇུག་དང་གནས་ཚུལ་འདྲི་བརྩད་ཀྱི་ལམ་ལས་བྲིས་པའི་དཔེ་དེབ་ཅིག་ཡིན་པའི་ཁར། བོད་སྒྱུར་བྱེད་མཁན་དགེ་འདུན་རབ་གསལ་ལགས་ཡུན་རིང་གསར་འགོད་པ་དང་རྩོམ་སྒྲིག་པའི་ཕྱག་ལས་ལ་འཇུས་པའི་ཉམས་མྱོང་ལས་བསྒྱུར་བའི་ནང་དོན་གྱི་རྒྱབ་ལྗོངས་ལ་རྒྱུས་མངའ་གཏིང་ཟབ་ཆགས་ཡོད་ལ། ཁ་གསལ་ལ་གོ་བདེ་བའི་གསར་འགྱུར་གྱི་འབྲི་ཐབས་སྤྱད་ཡོད།

དཔེ་དེབ་ཀྱི་གླེང་བརྗོད་དུ་༧གོང་ས་མཆོག་གིས། འཇབ་དམག་འདི་ཚོ་རྟ་ལ་ཞོན་ཅིང་སྐབས་མང་པོར་མཚོན་ཆ་རྙིང་བ་ཐོགས་ཏེ་དམག་འཐབ་ངར་མ་བྱས་ཡོད། ཁོང་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་དང་བཅས་བོད་ལ་ཤ་ཞེན་དང་བརྩེ་དུངས་བསྟན། མཐའ་མཇུག་དེར་ཁོང་ཚོས་རྒྱ་ནག་གིས་བོད་ཁྱོན་ཡོངས་བཙན་འཇུལ་བྱེད་པ་དེ་འགོག་པ་ལམ་ལྷོང་མ་བྱུང་ནའང༌། ཁོང་ཚོས་མི་དམངས་བཅིངས་འགྲོལ་དམག་ཟེར་བ་དེ་ཚོར་བོད་རྒྱ་ཆེའི་མི་དམངས་ཀྱིས་རྒྱ་དམག་བོད་ལ་སླེབས་པ་དེར་ཚོར་བ་ཅི་འདྲ་ཞིག་ཡོད་དེ་བསྟན་ཡོད། ཅེས་གསུངས་ཡོད།

རྩོམ་པ་པོ་མའེ་ཀེལ་ཌཱ་ནཱམ་ལགས་ཀྱིས། དམིགས་བསལ་ཅན་རེ་ཟུང་མ་གཏོགས་ངེད་ཀྱི་དེབ་འདིའི་གཞི་རྩའི་རྒྱུ་ཆ་མཁོ་འདོན་པ་དག་གིས་བོད་ཀྱི་འཇབ་དམག་གི་ནང་དུ་ཆ་ཤས་དངོས་སུ་བླངས་ཡོད། བཅར་འདྲི་དེ་ཚོ་ལས་མང་ཆེ་བ་ནི་རྒྱ་གར་དང་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ཏུ་སྒྲ་འཇུག་བྱས་པ་ཡིན། ཆབ་སྲིད་ཀྱི་དགོས་དབང་གིས་མིང་འདོན་མ་བྱེད་ཅེས་བཤད་རིགས་ཕུད་པའི་གཞན་རྣམས་ཁུངས་རང་རང་གི་མིང་དངོས་སུ་སྨྲས་ནས་ངོས་འཛིན་བྱས་ཡོད། ཅེས་བཀོད་ཡོད།

དེ་བཞིན་བོད་སྒྱུར་བྱེད་མཁན་དགེ་འདུན་རབ་གསལ་ལགས་ཀྱིས། སྒྱུར་མཁན་ཞིག་ཡིན་པའི་དམ་ཚིག་དེ་དམ་པོར་བསྲུངས་ནས། མ་ཡིག་གི་ནང་དོན་རྣམས་འགྱུར་ཡིག་ཏུ་སླེབས་ཐབས་ཀྱི་འབད་བརྩོན་བྱས་པ་ལས། མ་ཡིག་གི་ནང་དོན་ལ་དག་བཅོས་བྱེད་པ་ལྟ་བུའི་ཐལ་ཆ་ཤོར་རིགས་མེད་ལ། དེབ་ཀྱི་མི་སྣ་གལ་ཆེན་ཚོའི་མིང་གི་དག་ཆ་ཚུན་ལ་ཡང་བློ་དོགས་ཡོད་པ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དཔར་བསྐྲུན་བྱས་པའི་དྲུང་ཡིག་ལྷ་མོ་ཚེ་རིང་གི་བཙན་རྒོལ་རྒྱལ་སྐྱོབ་ཏུ་བཀོད་པ་རྣམས་གུག་རྟགས་སུ་བྲིས་ཡོད། ཞེས་བཀོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “སངས་རྒྱས་ཀྱི་དཔའ་རྟུལ་ཚོ།

  1. བོད། ཤ་ཁྲག་རུས་གསུམ།

    དེབ་འདི་ནང་བསྒྱུར་བྱེད་པ་པོ་རབ་གསལ་ལགས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟར་ཁ་ཡོད་ལག་ཡོད་ཀྱིས་རིག་གནས་ནང་འདྲེན་བྱེད་པ་དག་ལ་ང་རང་ངོས་ནས་སེམས་བསམ་པའི་གཏིང་ནས་གུས་མདུད་ཞུ་བཞིན་ཡོད་ལ། མ་འོངས་པར་ཡང་འདི་འདྲའི་གལ་ཆེ་བའི་རིགས་བོད་བསྒྱུར་རམ་རིག་གནས་ནང་འདྲེན་གང་མང་མང་ཞིག་དུས་ཚོད་ཀྱི་བབ་དང་བསྟུན་ནས་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུར་འབོད་སྐུལ་ཡོད།