བོད་ཞི་བའི་བཅངས་གྲོལ་གྱི་ལོ་འཁོར་ལྔ་བཅུར་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་དང་བོད་ལྗོངས་མི་དམངས་ལ་མཐོང་ཆེན་དང་ཐུགས་ཁུར་མཚོན་ལ། བོད་ལྗོངས་མི་དམངས་ཀྱིས་རང་རེའི་རྒྱལ་ཁབ་ལ་བཅངས་པའི་དུང་སེམས་མཚོན་ཟེར།
རྒྱ་གར་ངྷ་རམ་ས་ལར་བརྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གིས། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཤིང་། ༧གོང་ས་མཆོག་གཙོས་བའི་བོད་མི་ཁྲི་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་ཕྱིན་ཏེ། ལོ་ངོ་ལྔ་བཅུ་འཁོར་བའི་ཐོབ་ཤོར་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དུས་དྲན་སྲུང་གཙི་བྱས་ཏེ། བདེན་པའི་ལོ་རྒྱུས་ཀྱི་དེབ་ཐེར་ནག་པོ་ཞིག་འཛམ་གླིང་ལ་ཁྱབ་སྤེལ་བྱ་ལ་ཉེ་བའི་དུས་འདིར། རྒྱ་ནག་པེ་ཅིན་གཞུང་གིས་ལྔ་བཅུ་ང་གྲངས་སྐབས་ཀྱི་བོད་ཡུལ་བཙན་འཛུལ་དང་། ད་ལྟའི་བོད་ས་བཙན་བཟུང་གི་གནས་བབ་རྒྱལ་སྤྱིར་ཁྲིམས་མཐུན་བཟོ་ཆེད། བཙན་གནོན་དང་དྲག་སྤྱོད་ཀྱི་འོག་ནས་ལོ་ངོ་ ༥༠ དུས་ཆེན་སྲུང་གཙི་བྱས་ཏེ། བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་ཨུ་ཚུགས་ཀྱིས་འདོན་སྤེལ་བྱས་ཡོད་འདུག
ཕྱི་ཟླ་ ༣ པའི་ཚེས་ ༢ ཉིན་གྱི་ཕྱི་དྲོར་རྒྱ་ནག་པེ་ཅིན་གསར་འགྱུར་གཞུང་ལས་ཁང་གིས། བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༥༠ འཁོར་བ། ཞེས་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམ་སྤེལ་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཏེ། ཆེད་དུ་རྒྱབ་ཤ་དཀར་པོ་ཞེས་པའི་དེབ་དེ་འགྲེམ་སྤེལ་བྱེད་དོན་སྐོར་ལ་གཏམ་བཤད་དང་། གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས། བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ ༥༠ འཁོར་བའི་སྐབས་འདིར། རྒྱ་ནག་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཆེད་དུ་བོད་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་མཚོན་པའི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བ་ནི། ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་དང་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐོང་ཆེན་དང་ཐུགས་ཁུར་མཚོན་ལ། སྔར་ལས་ལྷག་པར་བོད་ལྗོངས་མི་དམངས་ཀྱིས་རང་རེའི་རྒྱལ་ཁབ་ལ་བཅངས་པའི་དུང་སེམས་མཚོན། ཅེས་བརྗོད་ཡོད།
གསར་འགོད་པ་ཚེ་རིང་སྐྱིད།