ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་འདུ་ཐེངས་བཅུ་བ།

ཉིན་གསུམ་རིང་གི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཚོགས་འདུ་ཐེངས་བཅུ་བ་དེ་བཞུགས་སྒར་དུ་གཟབ་རྒྱས་ངང་ཚོགས་ཡོད་པ་དང༌། ཐེངས་འདིའི་ཚོགས་ཐོག་ཏུ་བོད་ཀྱི་བླ་སྤྲུལ་དངོས་འཛིན་བྱེད་ཕྱོགས་དང༌། ཆོས་བརྒྱུད་ཁག་ལ་འཁྲི་བའི་བོད་བསྟན་སྲིད་ཐད་ལས་དོན་སྒྲུབ་ཕྱོགས། བོད་གཞུང་ཆོས་རིག་ལས་ཁུངས་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་དགོས་མིན་སོགས་ལ་གྲོས་བསྡུར་གནང་འཆར་ཡོད་འདུག

 

བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཞོགས་པ་ཆུ་ཚོད་ ༩ བའི་སྟེང༌། རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་སྤྱི་ནོར་༧གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་དུ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བའི་ཆོས་ཚོགས་ཐེངས་ ༡༠ དེ་བོད་པ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་ཉིན་དང་པོ་དང་བསྟུན་ཏེ་འཚོགས་ཡོད་པ་དང༌། དེར་དཔལ་རྒྱལ་བ་ཀརྨ་པ་དང་ཤར་བ་ཆོས་རྗེ་གཙོས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་མཁན་པོ། དགོན་པ་ཁག་གི་སྐུ་ཚབ་བཅས་འཐུས་མི་ ༦༣ ཙམ་ཚོགས་བཅར་གནང་ཡོད། ཚོགས་འདུའི་དབུ་འབྱེད་མཛད་སྒོར། བོད་མི་དམངས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་རྣམ་རྒྱལ་ཚེ་རིང་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་གཙོས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་པའི་སྤྱི་འཐུས་ཁག་ཅིག་བཅས་ཚོགས་ཞུགས་གནང་ཡོད།

 

སྐབས་དེར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་འཕུན་ཚོགས་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་གནང་དོན། ཐེངས་འདིའི་ཚོགས་འདུར་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་སྨན་རིའི་ཁྲི་འཛིན་མཆོག་རྣམ་གཉིས་ཀྱང་ཕེབས་གཏན་འཁེལ་ཡོད་ལ། ཚོགས་འདུའི་མཇུག་སྡོམ་སྟེང་༧གོང་ས་མཆོག་ཆིབས་སྒྱུར་བསྐྱང་རྒྱུ་ཞལ་བཞེས་གནང་ཡོད། དེ་རིང་འདིར་ང་ཚོ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། ཆོས་རིག་ལས་ཁུངས་ཀྱིས་ཆོས་ཚོགས་ཐེངས་ ༡༠ དེ་གོ་སྒྲིག་ཞུས་པ་ཡིན།

ང་ཚོ་ཁ་བ་གངས་ཅན་གྱི་ལྗོངས་སུ་འཛམ་གླིང་རྒྱལ་ཁབ་གཞན་ན་མེད་པའི་ཆོས་རིག་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེར་ཕ་རོལ་བོས་སྐྱོན་བརྗོད་དང་རྩ་མེད་བཟོ་བའི་འབད་བརྩོན་མང་པོ་བྱས་ཡོད། ༧གོང་ས་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རྗེས་རྒྱ་ནག་ལ་གུ་ཡངས་ཀྱི་དགོངས་པ་ཅི་ཙམ་བཞེས་བ་རྒྱལ་སྤྱིའི་ནང་ས་རིས་ཐང་གསལ་ཡིན་ཡང༌། རྒྱ་ནག་གི་གཡོན་ཐལ་ཅན་གྱི་དབང་འཛིན་པ་ཚོས་༧གོང་ས་མཆོག་ལ་བོད་མིའི་ཆོས་སྲིད་ཀྱི་ཐོབ་དབང་མེད་པ་དང་བོད་པའི་ཆོས་རིག་རྩ་གཏོར་གཏོང་མཁན་ཡིན་པ། བོད་ནང་གི་ཡར་རྒྱས་ལ་འགོག་རྐྱེན་བཟོ་མཁན་ཡིན་པ། སྔར་ལོའི་གསུམ་གཅིག་བཞིའི་དོན་རྐྱེན་གྱི་བརྒྱུད་སྐུལ་བ་ཡིན་པ་སོགས་གཞི་མེད་ཀྱི་སྐྱོན་འཛུགས་ཚད་མེད་བྱས་ཡོད། 

 

བོད་ནང་གི་དགོན་སྡེ་ཁག་ལ་དམ་དྲག་འཇིགས་སྐུལ་དང༌། བོད་པའི་ལོ་གསར་དང་བོད་བཅིངས་གྲོལ་གྱི་ལོ་འཁོར་ ༥༠ ཟེར་བ་བཙན་གྱིས་སྲུང་གཙི་བྱེད་དུ་བཅུག་པ་སོགས་དམྱལ་བ་མི་ཡུལ་དུ་བྱུང་བ་ལྟ་བུ་བཟོས་ཡོད་ལ། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡༦ ནས་ཉིན་གསུམ་རིང་ཆོས་མེད་སྨྲ་བ་གུང་ཁྲན་རིང་ལུགས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཐེངས་དགུ་བ་ཟེར་བ་ཞིག་འཚོགས་ཏེ། གྲྭ་བཙུན་ཁག་ཅིག་ལ་གཟེངས་རྟགས་སྤྲོད་པའི་བྱ་འགུལ་སྤེལ་ཡོད་ཀྱང༌། དོན་གྱིས་ནང་ཁུལ་དབྱིན་དཀྲུག་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བྱེད་སྒོ་ཞིག་ཆགས་ཡོད། གནད་དོ་དེ་དག་ལ་གཞིགས་ཏེ་རང་ཅག་ཆོས་བརྒྱུད་ཁག་ནས་གཞི་མེད་རྫུན་སྒྲིག་དེ་དག་ལ་སུན་འབྱིན་དང༌། དྲང་བོ་དང་བཞག་དང་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་ལན་འདེབས་ཅི་དགོས། ༧གོང་ས་མཆོག་གི་ཐུགས་དགོངས་སྒྲུབ་ཕྱོགས་བཅས་ལ་གྲོས་བསྡུར་ཡོང་བར་གསལ་འདེབས་ཞུ་རྒྱུ་ཡིན།

 

ཐེངས་འདིའི་ཆོས་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། རང་ཅག་སྐྱབས་བཅོལ་དུ་འབྱོར་ཏེ་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དང་སྟབས་བསྟུན་ཏེ། འདས་པའི་ལོ་ངོ་ལྔ་བཅུའི་ཉམས་མྱོང་གཞིར་བཞག་ཐོག མ་འོངས་པར་ཆོས་ལུགས་ཆོས་བརྒྱུད་ཁག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་བར་ཕན་བདེ་ཀྱི་ལས་དོན་སྒྲུབ་ཕྱོགས་སྤྱི་དང༌། བྱེ་བྲག་འདས་པའི་ཆོས་ཚོགས་ཐེངས་དགུ་བའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། འདི་ག་ཆོས་རིག་ལས་ཁུངས་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་རྒྱུའི་གྲོས་གཞི། བླ་མ་དང་སྤྲུལ་སྐུའི་ཡང་སྲིད་དངོས་འཛིན་གནང་ཕྱོགས་ཕྱག་བསྟར་གནང་ཐབས་སོགས་གལ་ཆེའི་གྲོས་གཞི་ཁག་གཏན་འབེབས་གནང་རྒྱུའི་གསོལ་འདེབས་སྙིང་ནས་ཞུ་རྒྱུ་ཡིན། ཞེས་གསུངས་སོང༌།

 

 

དེའི་རྗེས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་ཆོས་རིག་ལས་ཁུངས་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་ན་འོས་ཚུལ་དང༌། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ལ་ཁ་གསལ་དོན་འཁྱོལ་གྱི་ཐག་གཅོད་གཏན་འབེབས་དང་ཁྱབ་བསྒྲགས་གནང་རྒྱུ། བོད་ཕྱི་ནང་དང་ལྷག་པར་དུ་རྒྱ་ནག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་མིན་ཆོས་རྫུའི་བྱེད་སྤྱོད་མང་དུ་ཡོང་གིན་ཡོད་པ་དག་ལ་ཞིབ་འཇུག་དང་ཞི་དག་གནང་དགོས་པ་སོགས་བཀའ་ཤག་གི་རེ་འདུན་ཁག་སྙན་སྒྲོན་ཞུས་སོང༌།

 

ཐེངས་འདིར་བོད་གཞུང་ཆོ་རིག་ལས་ཁུངས་ཀྱིས་ཆོས་ཚོགས་ཐེངས་ ༡༠ སྟེང༌། གལ་ཆེའི་གྲོས་གཞི་དོན་ཚན་ ༩ ཆེད་དུ་གཏན་འབེབས་བྱས་ཡོད་པའི་ནང་བཀོད་དོན།

དང་པོ། སྔོན་མའི་ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ལ་བསྐྱར་ཞིབ་དང་འབྲེལ་ལག་བསྟར་ཅི་གནང་༧གོང་ས་མཆོག་ལ་སྙན་སྒྲོན་ཞུ་རྒྱུ།

 

གཉིས་པ། ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ནང་གསལ་བའི་དབང་ལྡན་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟིན་བྲིས་ལྟར། ཆོས་རིག་ལས་ཁུངས་ནས་ཐོག་མར་དགོན་སྡེ་ཁག་ལ་འགྲེམས་སྤེལ་ཞུས་ཏེ། དགོངས་འཆར་བསྡུ་རུབ་གནང་ཐོག དགོན་སྡེ་ཁག་ནས་དགོངས་འཆར་བྱུང་བ་རྣམས་ཆོས་རིག་ལས་ཁུངས་ནས་འབྲེལ་ཡོད་དོན་ཚན་སོ་སོར་ཕྱོགས་སྡོམ་བྱས་ཏེ། ཆོས་ཚོགས་ཐེངས་བཅུ་བར་འབུལ་རྒྱུ་གསལ་བ་ལྟར། ཕྱོགས་སྡོམ་རག་ཟིན་ཐོག་བཀའ་བསྡུར་ཐག་གཅོད་གནང་རྒྱུ།

 

གསུམ་པ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དང༌། སྐུ་ཚབ་རྣམ་པས་ལྷན་ཚོགས་སུ་ཆོས་ལུགས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཐོག་བཀའ་བསྡུར་དང༌། རྩ་འཛིན་ཡིག་ཆ་གཏན་འབེབས་གནང་བ་དེ་དག་ཡོངས་ཁྱབ་གསལ་བསྒྲགས་དང༌། ཕྱག་བསྟར་གནང་ཕྱོགས་དོན་དམ་ཡོང་ཐབས་སྐོར་བཀའ་བསྡུར་གནང་རྒྱུ།

 

བཞི་བ། ཆོས་ཚོགས་ཐེངས་ ༩ བའི་གྲོས་ཆོད་ནང་གསལ་ཆོས་ལུགས་ཆོས་བརྒྱུད་སོ་སོར་དགེ་བཤེས་སམ། མཁན་པོའི་མཚན་གནས་གཏན་འབེབས་གནང་ཕྱོགས་ཐད། ཆོས་ཚོགས་ཐེངས་བཅུ་པའི་བར་ཕར་འགྱངས་བྱས་པ་ལྟར། ཐེངས་འདིར་ཅི་དགེ་བཀའ་བསྡུར་གནང་རྒྱུ།

 

ལྔ་བ། དམ་སྲི་དོལ་རྒྱལ་སྐོར་གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། གདན་ས་གསུམ་གྱི་གྲོས་ཆོད་ནང་དོན་ལྟར་གདན་ས་གསུམ་གཙོས་པའི་ཆོས་སྡེ་ཁག་ནས་རང་དོན་རང་གཅེས་ཀྱིས་དེང་སྐབས་ལེགས་བཅོས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང༌། སྤྱི་ཡོངས་ཀྱིས་ཀྱི་གནང་ཕྱོགས་དང༌། ལྷག་པར་དོལ་རྒྱལ་ཕྱོགས་གཏོགས་པས་བོད་ཀྱི་ཆོས་སྲིད་ལ་འགལ་རྐྱེན་དང༌། ༧གོང་ས་མཆོག་ལ་མཚན་སྨད་ཀྱི་བྱ་བ་སྣ་ཚོགས་སྤེལ་མུས་ཐད། ལས་དོན་ཅི་དགོས་བཀའ་བསྡུར་གནང་རྒྱུ།

 

དྲུག་པ། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་ཆོས་སྡེ་དང་ཆོས་ཚོགས་གྲྭ་བཙུན་སྒེར་བཅས་ནས། སྤྱི་ཚོགས་ནང་ཆོས་འཆད་སྤེལ་གཙོ་བོར་གྱུར་བའི་རོགས་ཕན་གནང་ཕྱོགས་ཅི་དགེའི་སྐོར།

 

བདུན་པ། བོད་ཀྱི་བླ་ཆེན་རྣམས་ཀྱིས་དབུས་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་དགེ་འདུན་པ་ཡོངས་ནས་བོད་དོན་ཐོག་ཐུགས་འཁུར་སྔར་ལས་ལྷག་པ་གནང་ཕྱོགས་ཅི་དགེའི་སྐོར།

 

བརྒྱད་པ། ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ནང་གསལ་ཇོ་ནང་ཆོས་འབྱུང་ལོ་རྒྱུས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུར་མང་མོས་བྱུང་ཞིང༌། ཚོགས་ཆུང་གི་ཚོགས་མིའི་ཐད་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་བསྐོ་བཞག་གནང་རྒྱུ་གསལ་ཡང༌། ད་བར་ཚོགས་ཆུང་གི་ཚོགས་མི་ བསྐོ་བཞག་གནང་ཐུབ་མེད་སྟབས། འདིའི་ཐད་མཛད་ཕྱོགས་ཅི་དགར་བཀའ་བསྡུར་གནང་རྒྱུ།

 

དགུ་བ། གཞན་ཡང་གྲོས་གཞིར་མ་བཀོད་པ་སྐབས་མཚམས་དགོངས་འཆར་བྱུང་བ་ཁག་ཚོགས་གཙོའི་བཀའ་འཁྲོལ་དང་བསྟུན། བཀའ་བསྡུར་ཐག་གཅོད་གནང་འོས་གནང་རྒྱུ་བཅས་བཀོད་འདུག

 

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཡིན།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

14 thoughts on “ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་འདུ་ཐེངས་བཅུ་བ།

  1. སྟག་སྨྱོན།

    མཚན་སྙན་གྲགས་རྒྱས་པའི་བླ་སྤྲུལ་ཚོ།།
    ཁྲི་གྲུ་བཞིའི་སྟེང་ལ་བོད་མིས་བཞག།
    ཕྱག་དད་པ་བྱས་ནས་བསྟོད་པ་བྱས།།
    རྒྱུ་ནོམ་པ་ཕུལ་ནས་འབྱོར་ལྡན་བཟོས།།
    དྲིན་ཆེ་བའི་བོད་མི་གཉོམ་ཆུང་ཚོར།།།
    ལས་རྒྱུ་འབྲས་རྩིས་ནས་མགོན་སྐྱབས་མཛོད།།

  2. ལྷ་་སྤྱན་གསུམ་པ

    འདིར་སྟོབས་ཆེ་བ་དང་ངོ་ཆེ་བའི་ཆོས་བརྒྱུད་དག་གིས་འཚོགས་འདུ་ཞིག་འཚོགས་ཀྱིན་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཕུ་ཐག་རིང་བའི་ནང་བའི་ཆོས་པ་ཇོ་ནང་པའི་མི་དག་ཚོགས་འདུར་མ་ཆུད་པ་མ་ཟད་ཟུར་ཉན་ཙམ་ཡང་དཀའ་ཡོད། ང་ཚོའི་གཞུང་གིས་ཀྱང་ཅི་ཡིན་མི་ཤེས་པའི་ས་སྐྱའི་མི་ངན་རེ་ཟུང་གི་ཧམ་བཤད་དང་དམའ་འབེབ་ལ་ཁ་གཡར་ནས་མཐོང་ཆུང་ཙམ་ལས་དྲང་བདེན་སྣང་མེད་དུ་བཞག་ཡོད། ཡིད་སྐྱོ་བ་ཞིག་ལ། ཡར་བོད་ནང་མ་ཐོན། མར་རྒྱ་ནང་མི་འདུག་པའི་གཞིས་ལུས་ཇོ་ནང་བ་ཁྲི་ཕྲག་མང་པོས་རང་སྲོག་མ་བསམ་པར་རྒྱ་དམར་ལ་རྒོལ་བཞིན་རང་ཉིད་བོད་པ་ཞིག་ཡིན་པ་བོད་གཞུང་ལ་སྟོན་ཀྱིན་ཡོད། ཡིན་ན་ཡང་དེ་དག་ལ་དམང་གཙོ་དོན་མཐུན་ཞིག་རྒྱ་བོད་གཉིས་ཀྱིས་སྤྲད་མེད། བོད་ཉེན་ཁའི་དུས་འདིར་མི་མཐུད་དུ་སྤྱི་ཚོགས་ངན་པའི་ལྟ་བ་དེ་དོར་ནས་འཆམ་མཐུན་ཡང་དག་པ་ཞིག་མེད་ན་རྒྱ་དམར་གྱི་དསམ་དོན་འགྲུབ་པ་ངེས་ཅན་རེད།།