རྔ་པའི་གྲྭ་བ་གསུམ་འཇུས།

རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཚོས་གྲྭ་བ་ཚོར། ཁྱེད་རང་ཚོས་ཕྱི་རྒྱལ་ཁག་གི་གནོན་ཤུགས་སོགས་ཀྱིས་དགོན་པ་སྒོ་རྒྱག་ཐུབ་ཀྱི་མ་རེད་བསམ་ཀི་ཡོད་སྲིད་མོད། ང་ཚོ་ལ་སི་ཁྲོན་ཞིང་ཆེན་དང༌། རྒྱ་ནག་དབུས་གཞུང་གཉིས་ཀས་ཆོག་མཆན་ཐོབ་ཡོད་ཟེར།

 

ཀིརྟིའི་བྱེ་པ་གྲྭ་ཚང་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་གའི་གསར་ཁང་ལ་གནས་ཚུལ་སྤྲད་པ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༣ ཉིན་གྱི་མཚན་མོའི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༣༥ ཡིན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་རང་ཤག་ནས་འཛིན་བཟུང་བྱས་ཡོད་འདུག་ལ། ཕྱི་ཟླ་ ༣ ཚེས་ ༥ ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་གྱི་དུས་འཁོར་གྲྭ་ཚང་གི་གྲྭ་རྨེ་བ་རྒྱ་མཚོ་དང༌། རོང་མཁར་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་དུས་འཁོར་གྲྭ་ཚང་གི་གྲྭ་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང༌། ས་གནས་མང་ཚོགས་ཀྱིས་ཉེ་སྔོན་རྔ་པ་རྫོང་དང་ཀིརྟི་དགོན་པ་སོགས་སུ་གསུམ་བཅུའི་དུས་དྲན་ཉིན་མོར་མི་བཞིས་རང་ལུས་མེ་བསྲེགས་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་སོགས་བཀོད་པའི་ཡི་གེ་སྦྱར་འགྲེམས་བྱེད་མཁན་གྱི་དོགས་གཞིའི་འོག་བཟུང་བ་རེད་ཟེར་ཞིང༌། དེང་སྐབས་རྔ་པ་རྫོང་ཁོངས་སུ་དམག་ཁྲི་དྲུག་ ༦༠༠༠༠ ཙམ་འབྱོར་ཡོད་པ་དང༌། རྔ་པའི་ཁྲོམ་གཞུང་དུ་ཡུལ་མི་ལས་དམག་མི་དང་ཉེན་རྟོག་པ་མང་ཚོད་འདུག རྔ་པ་རང་སྐྱོང་ཁུལ་གྱི་དམག་མིའི་བརྒྱ་ཆ་ ༨༠ ཙམ་རྔ་པ་རྫོང་ལ་བཏང་ཡོད་པ་དང༌། ཚེས་ ༨ ནས་བཟུང་དགོང་མོའི་ཆུ་ཚོད་ ༧ ཚུན་ཆད་ལ་རྔ་པ་རྫོང་ཐོག་གི་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་རྒྱག་དགོས་ཤིང༌། ཁྲོམ་གཞུང་སོགས་ལ་མི་གཅིག་ཀྱང་འགྲོ་སྐྱོད་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག ཚེས་ ༡༠ ནས་བཟུང་རྔ་པའི་གཞུང་སྒེར་གཉིས་ཀྱི་འགྲིམ་འགྲུལ་ཚང་མ་བཀག་སྡོམ་བྱ་རྒྱུ་ཡིན་ཚུལ་ཡང་བརྗོད་འདུག    

ཁུལ་དང་རྔ་པ་རྫོང་གི་གནད་ཡོད་མི་སྣས་རྔ་པ་ཀིརྟི་དགོན་པར་འདམ་ཀ་གཉིས་སྤྲད་ཡོད་འདུག་ལ། དང་པོ། དགོན་པའི་ཆོས་ལུགས་དོ་དམ་ཁང་གི་མི་སྣ་དང་འཛིན་གྲྭ་སོ་སོའི་སྐྱོར་དཔོན་རྣམས་ཀྱིས་དགོན་པའི་དགེ་འདུན་པ་གཅིག་གིས་ཀྱང་ངོ་རྒོལ་གྱི་རིགས་གཏན་ནས་མི་བྱེད་པའི་མིང་རྟགས་འགོད་པའི་འགན་ལེན་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲོད་དགོས་པ་དང༌། གཉིས་པ། དེ་ལྟར་མ་ཡོང་ཚེ་ངོ་རྒོལ་གྱི་ཕྲན་བུ་ཙམ་བྱུང་ན་དགོན་པའི་སྒོ་རྒྱག་རྒྱུ་ཡིན་པ་བཅས་ཡིན་འདུག རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཚོས་གྲྭ་བ་ཚོར། ཁྱེད་རང་ཚོས་ཕྱི་རྒྱལ་ཁག་གི་གནོན་ཤུགས་སོགས་ཀྱིས་དགོན་པ་སྒོ་རྒྱག་ཐུབ་ཀྱི་མ་རེད་བསམ་ཀི་ཡོད་སྲིད་མོད། ང་ཚོ་ལ་སི་ཁྲོན་ཞིང་ཆེན་དང༌། རྒྱ་ནག་དབུས་གཞུང་གཉིས་ཀས་ཆོག་མཆན་ཐོབ་ཡོད་ཟེར། གཞན། ཉེ་ཆར་རང་ལུས་མེ་སྲེག་གཏོང་མཁན་གྱི་གྲྭ་པ་བཀྲ་བྷེ་ལགས་དེང་སྐབས་སུ་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའུའི་སྨན་ཁང་ཞིག་ལ་ཡོད་འདུག་པ་དང༌། ཁོང་གི་ཨ་མར་སྐ་མ་ཆ་ཁ་ཤས་རེར་ལྟ་རུ་འཇུག་གི་ཡོད་པ་ཙམ་ལས་སྐད་ཆ་བཤད་རྒྱུའི་གོ་སྐབས་གཏན་ནས་སྤྲོད་ཀྱིན་མི་འདུག་ཟེར། སྨན་པས་བཀྲ་བྷེ་ལགས་ཀྱི་རྐང་པ་གཉིས་གཅོད་དགོས་ཚུལ་བརྗོད་པར་འབྲེལ་ཡོད་ཚོས་ཁས་ལེན་བྱས་མི་འདུག

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “རྔ་པའི་གྲྭ་བ་གསུམ་འཇུས།

  1. གླག་སྨྱོན།

    ངེས་དོན་གྱི་རྔ་བའི་དཔལ་རྒོད་ཚོས་ཚེསྲོག་བོད་དོན་དུ་ཕུལ་བ་ནི་ཅི་འདྲའི་རླབས་ཆེན་ཞིག་རེད་།འོན་ཀྱང་ཆེས་བློ་ཕམ་པ་ཞིག་ལ་ཁོ་ཚོ་འདི་ལྟར་བཞུད་ཟིན་པ་ནི་གངས་ཅན་པ་ལ་བསུབ་དུ་མེད་པའི་གྱོང་རྒུད་ཞིག་རེད་འདུག།