ངོ་རྒོལ་ཟིང་འཁྲུག་སློང་ཐབས་སུ་དམིགས་པ་ཞིག་རེད།

རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་ནི་བོད་ཕྱོགས་ནས་བསམ་ཞིབ་གུ་བཤངས་ཆ་ཚང་ཟིན་པའི་མཐའ་མའི་དགོས་འདུན་ཡིན་ཞིང༌། དེའི་ནང་གསལ་བའི་དགོས་འདུན་ཁག་ནས་ཆ་ཤས་ཙམ་ཡང་གུ་བཤངས་བྱེད་ཐབས་མེད་ལ་བྱེད་དགོས་ཀྱང་མེད། རྒྱ་གཞུང་ལ་སྤྲད་ཟིན་པའི་བསམ་འཆར་ཡིག་ཆའི་ཐོག་མུ་མཐུད་འབྲེལ་མོལ་དང་ཞི་མོལ་བྱ་རྒྱུར་གྲ་སྒྲིག་ཡིན་ཟེར།

 

ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༥༠ བ་སྲུང་གཙི་བྱས་ཡོད་པ་དང༌། སྐབས་དེར་༧གོང་ས་མཆོག་གིས་དབུས་པའི་བླ་ཆེན་རྣམ་པ་དང༌། བཀའ་བློན་ཁྲི་པ་གཙོས་པའི་གཞུང་ཞབས་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམ་པ། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་དང༌། ཕྱི་རྒྱལ་ཁག་ནས་ཕེབས་པའི་སྐུ་མགྲོན་བཅས་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཤིང༌། བོད་གཞུང་ཟློས་གར་ཚོགས་པའི་རྔ་རོལ་ཁྲོད་བཀའ་བློན་ཁྲི་བ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་དང་ལྷན་དུ་རྒྱལ་གླུ་སྐྱོར་འདོན་གནང་ཡོད། སྐབས་དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྦྱར་ཀློག་གནང་དོན། གསུམ་བཅུའི་དུས་དྲན་ཐེངས་ ༥༠ བའི་སྟེང་བོད་གཞུང་བཀའ་ཤག་གི་གསུང་འཕྲིན་བསྩལ་དོན། ད་ཆ་བོད་མིའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་ཚུད་ཟིན་པར་བརྟེན། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རིམ་པས་མི་རབས་ནས་མི་རབས་བརྒྱུད་དེ། བོད་དོན་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུའི་གཞི་རྩ་བརྟན་པོ་བསྐྲུན་ཟིན་ཅིང༌། བཙན་བྱོལ་གཞུང་གི་དཔལ་འབྱོར་ཡོང་ཁུངས་ཀྱང་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་དང༌། གཏན་འཇགས་མ་དངུལ་ཐེབས་རྩ་བཅས་རྒྱུན་དུ་གཞན་བརྟེན་མ་དགོས་པའི་མཐུན་རྐྱེན་རྒྱུན་གནས་ཐུབ་ཙམ་ཡོད།

 

ྋགོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་བླ་ན་མེད་པའི་དབུ་ཁྲིད་དང༌། མགྲིན་ཚབ་མཚོན་ངེས་ཀྱི་འདྲེན་པ་གཅིག་པུ་དེ་ཡིན་པའི་ར་སྤྲོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་བསྐྱར་ནན་གྱིས་བྱེད་ཀྱིན་ཡོད། རང་དབང་མེད་བཞིན་དུའང་སྔ་ལོ་ཕྱི་ཟླ་གསུམ་པ་ནས་ད་བར་བོད་ས་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་ཀྱིས་གནས་ལུགས་གསལ་སྟོན་བྱས་ཟིན་ཡང༌། རྒྱ་གཞུང་གི་མགོ་ཁྲིད་ཚོས་མ་མཐོང་མ་ཐོས་པ་ལྟ་བུའི་རི་བོང་རྡོ་བརྫུས་དང༌། ལྐུགས་པའི་ཨུ་ཚུགས་དེས་མང་ཚོགས་མགོ་སྐོར་གཏོང་མི་ཐུབ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་བཀྲོལ་ཐོབ་པའི་ཉིན་མོར་སྲུང་གཙི་བྱ་རྒྱུ་སོགས་བོད་མིའི་སེམས་ལ་གནོད་གཞིའི་རྨ་ཐོག་ཚྭ་འདེབས་ལྟ་བུའི་ལས་དོན་མང་པོ་ཞིག་བྱས་དང་བྱེད་བཞིན་པ་དེ་ཚོ་ནི་རང་དོན་འབའ་ཞིག་གཉེར་བའི་མི་རེ་ཟུང་གི་ཁེ་ཕན་ཆེད་བོད་དུ་བརྟན་རླིང་མི་ཡོང་བ་དང༌། ངོ་རྒོལ་ཟིང་འཁྲུག་སློང་ཐབས་སུ་དམིགས་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། མང་ཚོགས་བཟོད་བསྲན་མ་ཐུབ་པར་ཞི་བའི་ངོ་རྒོལ་བྱུང་ན་ཚད་མེད་དྲག་གནོན་གྱི་ཁག་དཀྲི་བྱ་ཡུལ་ཞིག་ཡོང་རེ་བྱས་པ་མཐོང་ཐུབ།

 

རྒྱ་ཕྱོགས་ནས་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ཆ་ཤས་སུ་བོད་ཀྱི་སྤྱི་ཚོགས་རྙིང་པའི་བཙོན་ཁང་དང་ཁྲིམས་ཆས་སོགས་ཀྱི་འདྲ་དཔར་འགྲེམས་སྟོན་བྱེད་ཀྱི་ཡོད་ཀྱང༌། དྲིལ་བསྒྲགས་བྱེད་རྒྱུའི་ལྷ་སའི་སྣང་ཤར་བཙོན་ཁང་གི་རྒྱ་ཁྱོན་བཙོན་པ་བཅུ་ཕྲག་ཁ་ཤས་ལས་ཤོང་ཡུལ་མེད་ཅིང༌། ༡༩༥༩ གོང་བོད་ས་ཡོངས་ཀྱི་བཙོན་པ་ཁྱོན་བསྡོམས་ཀྱང་བརྒྱ་ཕྲག་བརྒལ་བ་བྱུང་རབས་དཀོན། བཅིངས་བཀྲོལ་ཐོབ་ཟིན་རྗེས་བོད་ས་ཡོངས་སུ་བཙོན་ཁང་གིས་ཁྱབ་པ་དང༌། ལྷ་ས་རྐྱང་པའི་བཙོན་ཁང་གི་རྒྱ་ཁྱོན་དང་བཙོན་པའི་གྲངས་འབོར་འཇིག་རྟེན་ཡོངས་ཀྱིས་ཤེས་གསལ་དེ་དག་ལ་གཞིགས་ན་ཆེས་མུན་ནག་དང་ཆེས་གདུག་རྩུབ་ཀྱི་དུས་རབས་ནམ་ཡིན་དངོས་གསལ་དོད་པོ་རེད།

 

རྒྱ་གཞུང་གི་བསམ་ཚུལ་དང་དཀའ་ངལ་རིགས་ཤེས་ཚོར་བྱུང་བ་གཞིར་བཟུང༌། སི་ཏྲས་སི་སྦག་གི་གསུང་བཤད་དུ་གསལ་བའི་དགོས་འདུན་རེ་ཟུང་ད་དུང་གུ་བཤངས་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གསར་པ་ཞིག་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་སྤྲད་ཟིན་པ་ད་ཆ་ཕྱོགས་གཉིས་ཀས་རྒྱལ་སྤྱིའི་ནང་ཡོངས་གྲགས་བྱས་ཡོད། ཡིག་ཆ་དེ་ནི་བོད་ཕྱོགས་ནས་བསམ་ཞིབ་གུ་བཤངས་ཆ་ཚང་ཟིན་པའི་མཐའ་མའི་དགོས་འདུན་ཡིན་ཞིང༌། དེའི་ནང་གསལ་བའི་དགོས་འདུན་ཁག་ནས་ཆ་ཤས་ཙམ་ཡང་གུ་བཤངས་བྱེད་ཐབས་མེད་ལ་བྱེད་དགོས་ཀྱང་མེད། རྒྱ་གཞུང་ལ་སྤྲད་ཟིན་པའི་བསམ་འཆར་ཡིག་ཆའི་ཐོག་མུ་མཐུད་འབྲེལ་མོལ་དང་ཞི་མོལ་བྱ་རྒྱུར་གྲ་སྒྲིག་ཡིན།

 

འདས་པའི་ལོ་ ༥༠ རིང་རྒྱ་གཞུང་གིས་བོད་མིའི་མངོན་འདོད་དང་མི་འཚམས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ཤ་སྟག་བཟུང་ཐོག ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢ ཉིན་བཏོན་པའི་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ལོ་ལྔ་བཅུ་འཁོར་བའི་རྒྱབ་ཤ་དཀར་པོའི་དེབ། ཟེར་བའི་ཡིག་ཆ་དེའང་ངོས་དོན་དང་རིང་དུ་ཕྱོགས་ཏེ། འཁྱོག་བཤད་ཁོ་ནའི་ལམ་ནས་འཛམ་གླིང་ལ་མགོ་སྐོར་གཏོང་ཐབས་ཤིག་ཡིན་པ་དང༌། ཤེས་རྟོགས་བྱུང་བ་ལྟར་ན་སྔར་ལོའི་ཟླ་ ༣ ཚེས་ ༡༠ ནས་ད་བར་ཉུང་མཐར་བོད་མི་ ༢༡༩ རྐྱེན་འདུས་སུ་བཏང་བ་དང༌། མི་གྲངས་ ༦༧༠༥ ཙམ་འཛིན་བཟུང་བྱས་པ། མི་གྲངས་ ༡༢༩༤ ཙམ་རྨས་སྐྱོན་བྱུང་བ། ཁྲིམས་ཐག་བཅད་ཟིན་པ་ ༢༨༦ དང་གར་སོང་ཆ་མེད་དུ་གྱུར་བ་མང་དག་ཅིག་བཅས་བྱུང་འདུག

 

ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཕུལ་བའི་སྙན་ཐོའི་ནང༌། བོད་མི་ཞི་བའི་སྒེར་ལངས་ཐོག་དྲག་གནོན་མནར་གཅོད་བཏང་ཚུལ་ཟུར་ཙམ་ཡང་བཀོད་མེད་ཁར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ཐོག་ཆེད་འཛུགས་ཚོགས་ཆུང་གིས་བཏོན་པའི་བོད་དོན་དང་འབྲེལ་བའི་སྙན་ཐོར་ངོས་ལེན་མེད་པའི་ལན་འདེབས་གསལ་བཤད་བྱས་པ་དག་དུས་རམས་ཉེར་གཅིག་པའི་ནང་གི་དཔལ་འབྱོར་དང་དམག་གི་ནུས་ཤུགས་ཀྱིས་འཛམ་གླིང་རྒྱལ་ཁབ་གཞན་ལའང་མགོ་སྐོར་དང་མཐོང་ཆུང་ཁྱད་གསོད་བྱེད་བཞིན་ཡོད། འདས་པའི་ལོ་ ༥༠ རིང་བོད་ཕྱི་ནང་གཉིས་སུ་རྩ་དོན་ཐད། ལས་འགུལ་ཇི་སྙེད་ཅིག་སྤེལ་ཡོད་པར་གྲུབ་འབྲས་ཐོན་པ་དང་མ་ཐོན་ཅི་རིགས་ཡོད་པའི་ཉམས་མྱོང་གཞིར་རྩར་བཟུང་སྟེ། མ་འོངས་པར་ལས་འགུལ་བརྩམ་ཕྱོགས་ལ་ཐབས་བྱུས་འཆར་འགོད། སྒྲིག་འཛུགས་ལྡན་ཞིང་ཆིག་སྒྲིལ་གྱི་ཐོག་ནས་ནུས་པ་ལྡན་པའི་ལས་འགུལ་ལག་བསྟར་བྱ་རྒྱུའི་དུས་ལ་བབ་ཡོད། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར། དེ་སྲིད་དུ་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བའི་དམ་བཅའ་བརྟན་བཟུང་བྱ་རྒྱུ་ང་ཚོའི་གཞིར་རྩའི་ལྟ་གྲུབ་ཡིན། ཞེས་གསུངས་བྱུང༌། 

 

དེའི་རྗེས་ཨོ་སི་ཊི་ལི་ཡ་དང་ཁེ་ན་ཌ་བཅས་ནས་ཕེབས་པའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་དང༌། ཆུ་ཚོད་ ༡༡ ཙམ་ལ་མི་དམངས་ཚང་མིའི་གཙུག་ལག་ཁང་ནས་ངྷ་ཤོད་ཀ་ཅ་རིལ་བར་ཞི་བའི་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ངོ་རྒོལ་ཟིང་འཁྲུག་སློང་ཐབས་སུ་དམིགས་པ་ཞིག་རེད།

  1. གླག་སྨྱོན།

    རྒྱ་གཞུང་ཕྱོགས་ནས་འབྲེལ་མོལ་སྒོ་པྱེས་ཡོད་ཟེར་བ་དང་བོད་གཞུང་གིས་ཀྱང་འ

    བྲེལ་མོལ་བྱ་རྒྱྱུར་གྲལ་སྒྲིགས་ཡོད་ཟེར་ནས་པོགས་གཉིས་ཀས་འབྲེལ་མོལ་ཕིར་འ

    གོྱང་བྱས་པ་ཡིན་ན།དོན་དངོས་ཀྱི་འབྲེལ་མོལ་སུ་ཟིག་གིས་བྱ་རྒྱུ་རེད་དམ།