ང་ཚོར་རང་དབང་དགོས།

ཟླ་འདིའི་སྔ་ཕྱིར་ཁམས་དཀར་མཛེས་ས་ཁུལ་དུ་གྲྭ་བཙུན་ཁག་ཅིག་གིས་བསྟུད་མར་ཐེངས་ཁ་ཤས་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེན་དང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

 ཕྱི་ཚེས་ ༨ ཉིན་བྷེལ་རྗམ་ནང་གནས་སྡོད་བྱས་ཤིང༌། ཕ་ཡུལ་དཀར་མཛེས་ནས་ཡིན་པའི་ཏྲེ་ཆོས་ལགས་ཀྱིས་ཁ་པར་བརྒྱུད་ཉེ་ཆར་དཀར་མཛེས་རྫོང་ཐོག་ཏུ་བཙན་མ་པད་པ་གཡང་འཛོམས་དང་བུ་མོ་བྱམས་པ་ལྷ་མོ་སོགས་ཀྱི་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པའི་སྐོར་བརྗོད་དོན། ལོ་སྔོན་མར་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་སྡུག་སྦྱོང་མནར་གཅོད་ཚད་བཏང་སྟེ་བོད་མི་ཚོའི་སེམས་ལ་ན་ཟུག་ཟབ་མོ་ཞིག་བཞག་ཡོད་སྟབས། ཉེ་ཆར་ཕྱི་ཚེས་ ༥ ཉིན་དཀར་མཛེས་རྫོང་ཐོག་ཏུ་བཞོ་ལུ་གྲོང་ཚོའི་བཙུན་མ་པད་མ་གཡང་འཛོམས་དང་བུ་མོ་བྱམས་པ་ལྷ་མོ་གཉིས་ཀྱིས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས། ཆབ་སྲིད་བཙོན་པ་གློད་གྲོལ་གཏོང་དགོས། ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། སྐབས་དེར་ཉེན་རྟོག་མི་སྣ་ཡོང་སྟེ་འཛིན་བཟུང་བཙན་ཁྲིད་བྱས་འདུག ཁོང་གཉིས་དམག་མིས་འཇུས་མ་ཐག དགེ་འདུན་པ་གཉིས་ཀྱིས་སྐད་འབོད་བྱས་ཤིང༌། རིམ་བཞིན་མི་མང་པོ་ཞིག་གི་སྐད་འབོད་བྱས་ཡོད་སྟབས། ཉེན་རྟོག་པས་བོད་མི་ ༧ འཛིན་བཟུང་བྱས་འདུག ད་ལྟ་ཁོང་ཚོ་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མི་འདུག་ཟེར།

 

དེ་བཞིན། ཚེས་ ༦ ཉིན་ཡང་བསྐྱར་དཀར་མཛེས་རྫོང་ཐོག་ནས་བོད་མི་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་སྟབས། ད་ལྟ་དཀར་མཛེས་རྫོང་གི་ས་གནས་གང་སར་དམག་མིས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང༌། རྫོང་དང་ཐག་མི་རིང་བའི་སར་དམག་སྒར་ཆེན་པོ་ཞིག་བརྒྱབས་ཏེ། མཚོ་རྒ་ཞང་རྨ་ར་ཐང་གི་ས་ཐོག་དམག་སྦྱོང་བྱེད་བཞིན་འདུག ཅེས་བརྗོད་བྱུང༌།

 

གཞན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་ ༢ ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་དཀར་མཛེས་རི་མདའ་ནས་ཡིན་ཞིང༌། རང་ལོ་ ༤༣ ཡིན་པའི་ཧར་རྡུ་བཙུན་མ་བསོད་ནམས་ཆོས་སྐྱིད་ལགས་ཀྱིས་དཀར་མཛེས་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་བྱས་ཏེ། རྒྱ་མི་བོད་ནས་ཕར་རྒྱུག བོད་རང་བཙན་གཙང་མ་ཡིན། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སོགས་བཀོད་ཡོད་པའི་ཡིག་ཆ་འགྲེམས་སྤེལ་བྱེད་སྐབས། ཉེན་རྟོག་པ་དང་དམག་མིས་ཉེས་རྡུང་ཚབས་ཆེན་བཏང་མཐར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ད་ལྟ་གང་དུ་བཙོན་འཇུག་བྱས་ཡོད་མེད་སྐོར་ཤེས་རྟོགས་བྱུང་མི་འདུག 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply