ཡུ་རོབ་བོད་མིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ།

བྷར་རྫེལ་ནི་ཡུ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་ཡིན་པ་མ་ཟད། ཡུ་རོབ་གྲོས་ཚོགས་དེ་རྒྱ་ནག་གཞུང་དང་འབྲེལ་བ་ཟབ་མོ་ཡོད་སྟབས། རྒྱ་གཞུང་ལ་གནོན་ཤུགས་གང་འཚམ་སྤྲོད་ཐུབ་པ་རེད། ང་ཚོས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ཁ་ཤས་དང་ཐུག་འཕྲད་བྱས་ཏེ། ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་དངོས་ཡོད་ལག་ལེན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་བ་དང་འབད་བརྩོན་བྱེད་ཀྱིན་ཡོད་ཟེར།

 

ཐེངས་ ༥༠ བའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ། བྷེལ་ཇེམ་གྱི་རྒྱལ་ས་བྷར་རྫེལ་ནང་བོད་མི་ ༣ གྱིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་མགོ་འཛུགས་གནང་ཡོད་པ་དང༌། ད་ལྟའི་བར་ཉིན་གྲངས་ ༧ འགྲོ་བཞིན་ཡོད་སྟབས། དེ་རིང་འདི་གའི་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་སུ། བོད་མི་དེ་གསུམ་གྱིས་མ་ཤི་བར་ཟས་བཅད་ངོ་རྒོལ་གནང་དགོས་པའི་དམིགས་ཡུལ་དང༌། ད་ལྟ་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། དེ་རིང་ནི་ཟས་བཅད་ངོ་རྒོལ་གྱི་ཉིན་བདུན་པ་ཡིན་ལ། ཟས་བཅད་ངོ་རྒོལ་གནང་མཁན་ཚོའི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་ཡོད་ཀྱང༌། ད་དུང་ཁོ་ཚོའི་སེམས་ཤུགས་དང་སྙིང་སྟོབས་ལ་ཉམས་པ་མེད་པར་སྔར་ལས་བློ་སྟོབས་ཆེ་རུ་ཕྱིན་འདུག ད་ལྟ་ང་ཚོའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱང་ལས་འགུལ་སྤེལ་སར་ཕེབས་ཏེ། ཁོང་ཚོར་གོ་སྒྲིག་སྟངས་འཛིན་བྱེད་ཀྱིན་ཡོད། བྷེལ་ཇེམ་སྲིད་གཞུང་གིས་ང་ཚོར་ཟླ་འདིའི་ཚེས་ ༢༧ བར་ཞི་བའི་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད། ཅེས་དང༌། ང་ཚོས་འདི་ལྟ་བུའི་ལས་འགུལ་ཞིག་དུས་ཡུན་རིང་པོའི་སྔོན་ནས་བྷར་རྫེལ་ནང་སྤེལ་ཐུབ་ན་བསམས་ཏེ་གྲ་སྒྲིག་བྱས་པ་ཡིན། གང་ཡིན་ཟེར་ན། བྷར་རྫེལ་ནི་ཡུ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་ཡིན་པ་མ་ཟད། ཡུ་རོབ་གྲོས་ཚོགས་རྒྱ་ནག་གཞུང་དང་འབྲེལ་བ་ཟབ་མོ་ཡོད་ལ། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་གང་འཚམ་སྤྲོད་ཐུབ་པ་རེད། དེར་བརྟེན། ད་ལྟ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ཁ་ཤས་དང་ཐུག་འཕྲད་བྱུང་ཡོད་ལ། ང་ཚོས་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་ལ་ལག་ལེན་དངོས་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོང་བའི་རེ་བ་དང་འབད་བརྩོན་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང༌།

 

ཐེངས་འདིའི་ཟས་བཅད་ངོ་རྒོལ་བ་ཚོས་རྒྱལ་སྤྱིའི་གསར་ལམ་ཁག་ལ། བོད་ནང་གྲྭ་བ་ཞིག་གིས་རང་གི་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད། དེ་ཡིས་བོད་ནང་གི་བོད་མི་ཚོའི་སྡུག་བསྔལ་དང་སྙིང་སྟོབས་མཚོན་གྱིན་ཡོད། བཀྲ་བྷེ་ལྟ་བུའི་བོད་ཀྱི་གྲྭ་བ་ཚོར་རྒྱ་ནག་གི་ཉེན་རྟོག་པས་བརྒྱབས་པ་དེར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མི་མང༌། རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱིས་འགན་ལེན་དགོས་པ་རེད། བོད་ནང་གི་གནས་སྟངས་འདི་དག་རྒྱ་ནག་གིས་མི་ལོ་ ༦༠ རིང་བོད་མི་ཚོར་དྲག་པོའི་བཙན་གནོན་བྱེད་བཞིན་པའི་དཔེ་མཚོན་རེད། ང་ཚོ་དུས་ནམ་ཡང་རྒྱ་ནག་གི་འོག་ཏུ་འདུག་རྒྱུ་མིན་ཞེས་བརྗོད་ཡོད་འདུག

 

ཐེངས་འདིར་ཟས་བཅད་ངོ་རྒོལ་བ་ཚོས་རྒྱ་གཞུང་ལ། དང་པོ། བོད་བཙན་འཛུལ་ཕྱིར་འཐེན་དགོས་པ། གཉིས་པ། ཡིག་ཆ་ཨང་ལྔ་བ་ཕྱིར་འཐེན་དགོས་པ། གསུམ་པ། ༧པཎ་ཆེན་ཆུང་སྲིད་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ། བཞི་བ། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་རང་དབང་ཐོག་བོད་ནང་སྐྱོད་དེ་ཞིབ་འཇུག ལྔ་བ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དམར་གསོད་འཕྲལ་དུ་མཚམས་འཇོག དྲུག་པ། ཆབ་སྲིད་བཙོན་པ་ཁྲིམས་ཐག་བཅད་ཡོད་པར་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་ཐག་གཅོད་བྱས་པའི་བདེན་དཔང་དགོས་པ། བདུན་པ། བཙན་ཤེད་ཀྱིས་བོད་པའི་ཞིང་འབྲོག་གནས་སྤོ་བྱེད་པ་མཚམས་འཇོག་དགོས་པ་བཅས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བདུན་དང༌། ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་གྲོས་ཚོགས་ལ། དང་པོ། ཡུ་རོབ་གྲོས་ཚོགས་ནས་བོད་ནང་རྟོག་ཞིབ་ཚོགས་པ་གཏོང་དགོས་པ། གཉིས་པ། ཡུ་རོབ་གྲོས་ཚོགས་ནང་བོད་ཀྱི་དམིགས་བསལ་སྐུ་ཚབ་བསྐོ་འཇོག་གི་གྲོས་ཆོད་ལག་བསྟར་ཡོང་རྒྱུ། གསུམ་པ། རྒྱ་གཞུང་ལ་བོད་ནང་དྲག་གཅོད་རིགས་མཚམས་འཇོག་ཡོང་ཆེད་གནོན་ཤུགས་སྤྲོད་རྒྱུ། བཞི་བ། རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་རྒྱལ་མི་སྣ་རང་དབང་ཐོག་བོད་ནང་འགྲོ་སྐྱོད་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་བཅས་རེ་འདུན་དོན་ཚན་བཞིན་བཏོན་ཡོད་འདུག

 

ཟས་བཅད་ངོ་རྒོལ་བ་དེ་གསུམ་ནི། ཁམས་ཆབ་མདོ་ནས་ཡིན་པའི་བསོད་ནམས་རིན་ཆེན་ལགས་ད་ལྟ་རང་ལོ་ ༤༥ དང༌། སྤྱི་ལོ་ ༡༩༨༧ ལོར་ལྷ་སར་མི་མང་གྱེན་ལངས་བྱུང་སྐབས་མཉམ་ཞུགས་བྱས་ཡོད་འདུག་ཅིང༌། ཕྱིས་སུ་ཁོང་རྒྱ་གར་དུ་ཕེབས་ནས་བདེ་སྐྱིད་གླིང་གཞིས་ཆགས་སུ་བཞུགས་མྱོང་ཡོད་པ་དང༌། སྤྱི་ལོ་ ༢༠༠༤ ལོར་བྷེལ་ཇེམ་དུ་ཕྱིན་ཡོད་འདུག ཁམས་རྒ་བ་ནས་ཡིན་པའི་ཐུབ་བསྟན་བསམ་འགྲུབ་ལགས་ད་ལྟ་རང་ལོ་ ༣༤ ཡིན་ཞིང༌། ༡༩༩༥ ལོར་རྒྱ་གར་ལ་ཕེབས་ཏེ་ལྷོ་ཕྱོགས་སེ་ར་དགོན་པར་ཞུགས་མྱོང་བ་དང༌། ༢༠༠༥ ལོར་བྷེལ་ཇེམ་དུ་ཕྱིན་ཡོད་འདུག རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་ནས་ཡིན་པའི་རྣམ་རྒྱལ་དབང་འདུས་ལགས་ད་ལྟ་རང་ལོ་ ༣༡ ཡིན་ཞིང༌། ༢༠༠༢ ལོར་བྷེལ་ཇེམ་དུ་ཕྱིན་པ་དང༌། ད་ལྟ་བྷེལ་ཇེམ་ས་གནས་གཞོན་ནུ་ཚོགས་པའི་རིག་གཞུང་དྲུང་ཆེའི་འགན་ཁུར་གྱིན་ཡོད་འདུག

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཡུ་རོབ་བོད་མིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ།

  1. བོད། ཤ་ཁྲག་རུས་གསུམ།

    དཔའ་ངར་ཞུམ་མེད་ཀྱི་ལས་འགུལ་འདི་འདྲ་ཕྱི་རྒྱལ་ནས་སྤེལ་མཁན་གྱི་བོད་ཀྱི་དབའ་བོ་འདི་གསུམ་ལ་སེམས་བསམ་པའི་གཏིང་ནས་རྗེས་སུ་ཡི་རུང་ཡོད། སེམས་ཀྱི་སྟོབས་ཤུགས་དེ་ཉིད་རྒྱལ་གྱུར་ཅིག ལུས་གཞན་ཡུལ་དུ་ཡོད་ཀྱང་། དོན་བོད་དོན་དུ་བརྩོན་མཁན་གྱི་དབའ་བོ་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧུར་བརྩོན་འབད་བརྩོན་བྱོས།

  2. བཀྲ་བྷེ་ལྟ་བུའི་བོད་ཀྱི་གྲྭ་བ་ཚོར་རྒྱ་ནག་གི་ཉེན་རྟོག་པས་(*)བརྒྱབས་པ་དེར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མི་མང༌། རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱིས་འགན་ལེན་དགོས་པ་རེད། (*མེ་མདའ་?)

    རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།