འདས་པོར་གུན་གསབ།

དེ་རིང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཚེས་ ༢༡ ཉིན་མགོ་ལོག་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྭ་རྒྱ་ཞང་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད་སྐབས་ཁོང་གིས་ཕྱི་རོལ་དུ་ཆབ་གསང་དུ་འགྲོ་དགོས་ཚུལ་བརྗོད་དེ། རྨ་ཆུར་ལྕེབས་ཏེ་རང་ཤི་བརྒྱབས་ཡོད། སྐབས་དེར་རྒྱ་གཞུང་གིས་ཁས་ལེན་བྱས་མེད་པར་བཀྲ་ཤིས་བཟང་པོ་བྲོས་བྱོལ་དུ་ཕྱིན་ཡོད་ཚུལ་བརྗོད་ཡོད་ཀྱང༌། ས་དེའི་བུད་མེད་མ་བུ་གཉིས་ཀྱིས་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྨ་ཆུར་ལྕེབས་པ་དངོས་སུ་མཐོང་ཡོད་ཚུལ་བརྗོད་སྟབས་བུད་མེད་དེའང་འཛིན་བཟུང་བྱས་ཡོད།

 

བཀྲ་ཤིས་བཟང་པོ་རྨ་ཆུར་ལྕེབས་པའི་ཤུལ་དུ་ཁོང་གི་སྐུ་གཟན་ཆུ་འགྲམ་དུ་བཞག་ཡོད་པ་སོགས་བདེན་དཔང་ར་ཕྲོད་གསལ་བོ་བྱུང་རྗེས། རྒྱ་གཞུང་གིས་དགེ་འདུན་པ་བཀྲ་ཤིས་བཟང་པོ་གྲོངས་པར་གུན་གསབ་བམ། སྟོང་འཇལ་ལྟ་བུར་རྒྱ་སྒོར་འབུམ་གཉིས་ ༢༠༠༠༠༠ སྤྲད་ཡོད་པ་དང༌། ཐེངས་འདིའི་དོན་རྐྱེན་འོག་གོང་རིམ་ནས་རྭ་རྒྱ་ཞང་གི་ཉེན་རྟོག་པ་དང་ལས་བྱེད་འགའི་གོ་གནས་འཕབ་རྒྱུའི་ཉེན་ཁ་ཆགས་ཡོད་སྟབས། གོ་གནས་འཕབ་མི་དགོས་པའི་སྙན་ཞུ་འབྲི་རོགས། ཞེས་འདས་པོ་བཀྲ་ཤིས་བཟང་པོའི་ནང་མིར་འབོད་སྐུལ་ཞུས་ཡོད་ཀྱང་ད་སྔ་ངོས་ལེན་བྱས་ཡོད་མི་འདུག

ཉིན་འདི་འགར་དམག་མི་སྟོང་ཕྲག་ཁ་ཤས་ཀྱིས་རྭ་རྒྱ་དགོན་པ་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། གནད་དོན་འདིའི་ཐད་ཞིབ་འཇུག་བྱེད་མཁན་ཡིན་ཟེར་ནས་ལས་བྱེད་ ༦༠ ཙམ་དགོན་པར་རྒྱུན་སྡོད་ཀྱིས་ཚོགས་འདུ་སྒོང་གིན་ཡོད་འདུག

 

བཀྲ་ཤིས་བཟང་པོས་རང་ཤི་བརྒྱབས་མ་ཐག་མི་དམངས་ཉིས་སྟོང་ ༢༠༠༠ ལྷག་འདུ་འཛོམས་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་སྟབས། ལས་འགུལ་སྣེ་ཁྲིད་པ་ཡིན་པའི་ཉེས་འཛུགས་འོག དགོན་པའི་དགེ་སྐོས་དཔལ་ལྡན་རྒྱ་མཚོ་དང༌། དུས་འཁོར་གྲྭ་ཚང་གི་དབུ་མཛད་ཟུར་བ་ཚུལ་ཁྲིམས་རྩེ་དམར། དགོན་པའི་དྲུང་ཡིག་ངྷི་འཇམ་དབྱངས་མཁས་གྲུབ་སོགས་གཙོས་པའི་དགེ་འདུན་པ་ ༩ དང་མི་སྐྱ་ ༡༠ ལྷག་འཛིན་བཟུང་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

17 thoughts on “འདས་པོར་གུན་གསབ།

  1. སྤོབས་པ་མཐའ་ཡས།

    ར་རྒྱའི་དགེ་འདུན་པ་ཞིག་ཆུར་མཆོང་བའི་གནད་དོན་དེ་གསལ་པོ་ཞིག་བྱུང་མ་སོང་། གསར་འགྱུར་ཐོག་མར་སྤེལ་སྐབས་བོད་ཀྱི་རྒྱལ་དར་ལག་པར་བཟུང་ཡོད་པ་དམག་མིས་འཕྲོག་རྩིས་བྱེད་པར་མ་ཉན་ནས་ཆུར་མཆོང་པ་རེད་ཅེས་བཤད་བྱུང་། ད་བཤད་ན་བཙོན་ཁང་ནས་བྲོས་སོང་ནས་ཆུར་མཆོང་པ་བུད་མེད་གཅིག་གིས་མ་གཏོགས་མ་མཐོང་པ་རེད་ཟེར། བཙོན་ཁང་དུ་ག་རེ་བྱས་ནས་ཚུད་སྐོར་སོགས་ཀྱང་གསལ་པོ་ཞིག་མི་འདུག དེ་ག་ཙམ་དུ་བཙོན་པ་ཞིག་བྲོས་ཤོར་ནས་ཆུར་མཆོང་ན་གཞུང་གིས་གུན་གསབ་སྤྲད་སྲོལ་སོགས་མེད་པས་ཡིད་ཆེས་པ་ཞིག་བྱུང་མ་སོང་། ད་དུང་ཡང་རྩད་གཅོད་ཡག་པོ་བྱས་ནས་དོན་དངོས་ག་རེ་བྱུང་ཡོད་མེད་གསལ་པོར་སྤེལ་ཨེ་ཐུབ་ལྟ་རོགས།

  2. བློ་བཟང་མཁྱེན་བརྩེ།

    སྐུ་ཞབས་རྟ་ནག་པ་ལགས། ཁྱེད་ཀྱིས་བྲིས་པ་འདི་ཡུལ་ལུང་གང་ཞིག་གི་སྐད་ཡིག་རེད་དམ། དོན་ཅི་ཞིག་བསྟན་གྱི་ཡོད་པ་རེད།

  3. བོད་འབངས་བདེ་སྡུག་སྙིང་ལ་བརྣག་པའི་དཔའ་བོའི་མེ་ཏོག་བཞད་ཐེངས་རེར།།
    མ་བཅོས་སེམས་ཤུགས་གཅིག་ཏུ་བསྒྲིལ་བའི་སྟོབས་དང་ནུས་པ་ལྷན་དུ་འཕེལ།།
    འདི་འདྲ་དག་ནི་བདེ་སྐྱིད་ཉི་མ་འདྲེན་པའི་སྐྱ་རེངས་རེ་རེ་སྟེ།།
    དད་གསུམ་སྙིམ་པ་སྤྱི་བོར་བཀོད་པའི་གུས་ཕྱག་གྲངས་ཀ་མེད་པས་མཆོད།།

  4. རྒྱལ་གཅེས་འདས་པོ་གྲྭ་བཀྲིས་བཟང་པོ་ལགས་རྒྱ་དམར་གཞུང་གིས་དྲག་རྡུང་དང་མནར་གཅོད་འོག་རང་སྲོག་འདོར་དགོས་བྱུང་བར་གཞུང་འབྲེལ་དྲྭ་བ་ཁག་ཏུ་ཁོ་པས་རང་སྲོག་རང་གིས་བཅད་པར་རྒྱ་གཞུང་ལ་ཉེས་འཛུགས་བྱེད་ས་མེད་པའི་ཧམ་སྒྲོག་བྱེད་ཀྱིན་ཡོད་ཀྱང༌། ས་གནས་སྲིད་གཞུང་གིས་གྲྭ་བཀྲིས་བཟང་པོ་རྨ་ཆུར་ལྕེབས་དགོས་པའི་སྡིག་ཉེས་ཁོང་ཚོར་ཡོད་པའི་ངོས་ལེན་གྱིས་སྟོང་འཇལ་ཡོད་པ་གཉིས་ནི། རྒྱ་གཞུང་གི་ཁ་སང་བཤད་ཀྱི་སྐད་ཆར་དེ་རིང་འགན་འཁུར་མེད་པར་སྐྱག་རྐུབ་རྡོལ་བ་སོང་བ་མ་ཡིན་ནམ། ཕྱོགས་གཞན་ཞིག་ནས་བོད་ཁམས་ཡོངས་སུ་བཙན་རྒོལ་ལས་འགུལ་མུ་འབྲེལ་དུ་སྤེལ་བཞིན་པ་འདིས། དམར་གཞུང་གི་ཁ་དོན་མི་མཚུངས་པའི་རྫུན་གཏམ་དང་རྐུན་ཤེས་ཀྱང་སྦས་མི་ཤེས་པའི་ཨུ་ཐུག་གི་བྱ་སྤྱོད་སྤེལ་དགོས་ཆགས་པ་གོར་མ་ཆག