རྒྱ་གར་ཐུགས་རྗེ་ཆེ།

བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་ལྡི་ལི་སྐུ་ཚབ་དོན་གཅོད། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་བཅས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ། ཕྱི་ཚེས་ ༢༦ ནས་ ༣༠ བར་རྒྱ་གར་གཞུང་མང་ཡོངས་ལ་བོད་གཞིས་བྱེས་གཉིས་ནས་ཐུགས་རྗེ་ཆེའི་ལེགས་གསོལ་ཆེད། མི་ལོ་ ༥༠ རིང་བོད་པ་སྐྱབས་བཅོལ་བ་ཚོས་སྐྱིད་སྡུག་གི་འཚོ་བ་རོལ་བའི་དྲན་གསོའི་འགྲེམས་སྟོན་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨེམ་རྗི་ཀལ་མི་ནོན་མཆོག་གཉིས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པ་དང༌། གཞན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཀ་མི་ལཱ་ཐ་ས་ཡན་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་བཅས་གནད་ཡོད་མི་སྣ་དང་སྐུ་མགྲོན་ ༤༠༠ ལྷག་ཕེབས་ཡོད་འདུག

 

སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨེམ་རྗི་ཀལ་མི་ནོན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་བོད་པ་ཚོས་ལོ་ངོ་ ༥༠ རིང་བཙན་བྱོལ་ནང་སྐྱིད་སྡུག་དྲན་གསོའི་དུས་དྲན་མཛད་སྒོ་ཚོགས་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང༌། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་ཚོགས་འདུར་རྒྱ་གར་ལ་ཕེབས་ཡོད། དེའི་རྗེས་ ༡༩༥༩ ལོར་ཏཱ་ལའི་བླ་མ་མཆོག་དང་བོད་མི་མང་པོ་སྐྱབས་བཅོལ་དུ་ཡོང་བ་རེད། སྐབས་དེར་རྒྱ་གར་གཞུང་དམངས་ཡོངས་ནས་ཁོང་དང་ཁོང་གི་མི་མང་ལ་དགའ་བསུ་ཞུས་ཡོད། ཐེངས་འདིར་ང་ཚོ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང༌། མར་ཊིན་ལུ་ཐར་ཁིན་རྣམ་གཉིས་ཀྱི་བསྟི་གནས་ཁང་འདི་ནས་འཛོམས་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང༌། དེང་གི་དུས་འདིར་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་མི་དམངས་ལ་ཞི་བདེ་ངོ་སྤྲོད་གནང་མཁན་ཆགས་ཡོད། དེ་རིང་འདིར་འགྲེམས་སྟོན་གནང་ཡོད་པའི་དཔར་རེས་དག་ལས་བོད་མི་ཚོས་མི་ལོ་ ༥༠ རིང་སྐུ་ངལ་ཅི་ཙམ་སྐྱོན་ཡོད་པ་ཤེས་ཐུབ་ཀྱིན་འདུག ཅེས་གསུངས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “རྒྱ་གར་ཐུགས་རྗེ་ཆེ།

  1. དགེ་བོ་བཀྲ་ཁོ

    མགྲོན་པོ་འགྲོ་ཁར་སྦྱིན་བདག་ལ་ཐུགས་རྗེ་ལེགས་གསོལ་བྱས་ན་འོས་མོད་ཀྱང་བྱེད་སྟངས་འདི་ལ་བལྟོས་ན་ང་ཚོ་ཕ་ཡུལ་ལ་གང་མགྱོགས་ལོག་རན་ཡིན་ཤག་རེད། རྟེན་འབྲེལ་ཡག་པོ་འདུག། གཞན་གང་ཤེས།