སྔ་འགྱུར་བསྟན་པའི་གཙུག་རྒྱན། ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ཁྲི་འཛིན་བཅུ་བཅུག་པ་སྐྱབས་རྗེ་༸གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་དང་། ད་ལྟ་སྐུ་ཐུགས་དམ་དུ་བཞུགས་ཡོད་འདུག
ཁོང་ནི་ཕྱི་ལོ་ ༡༩༣༢ ལོར་མདོ་ཁམས་སྤུ་བོ་སྟོད་དུ་སྐུ་བལྟམས་ཤིང་། ཕྱི་ལོ་ ༡༩༤༣ ལོར་དཔལ་ཡུལ་དགོན་དུ་གདན་ཞུས་ཀྱིས་སྐུ་གོང་མའི་གསེར་ཁྲིར་མངའ་གསོལ་རྗེས་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བས་གཙོས་པའི་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བཀའ་གཏེར་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་གནང་། བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། དེ་རྗེས་ ༡༩༦༣ ལོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་རྟེན་དང་བརྟེན་བཅས་གསར་བཞེངས་ཐོག་རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱིས་བསྐྱངས། ༡༩༩༣ ལོར་སྔ་འགྱུར་བའི་བླ་ཆེན་ཁག་དང་འདུས་པ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་དབུ་འཛིན་དུ་མངའ་གསོལ་གྱིས་ལོ་བཅུ་ཕྲག་གཅིག་ལྷག་ཐུགས་འགན་བཞེས་ཏེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་ལ་ཕྱག་རྗེས་བླ་མེད་འཇོག་གནང་མཛད།
ཡིན་ནའང་། སྔ་ལོ་ནས་ཁོང་གིས་སྐུའི་འབྱུང་ཁམས་མི་བདེ་བའི་ཚུལ་བསྟན་ཅིང་། ལྷག་པར་དུ་ཟླ་འདིའི་ཚེས་ ༢༤ ཉིན་སྐུའི་སྙུན་གཞི་ལྕི་རུ་སོང་བར་བརྟེན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་སྨན་བཅོས་ཆེད་ཕེབས་དགོས་བྱུང་འདུག་ལ། ཕྱི་ཚེས་ ༢༧ ཉིན་ནམ་བོད་ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས་ཉིན་སྨན་ཁང་གི་སྡེ་ཚན་ནང་རྙིང་མའི་བླ་ཆེན་ཁག་དང་གནད་ཡོད་མི་སྣ་ཁག་མཇལ་བཅར་གནང་ཞིང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༣༠ ཐོག་སྨན་ཁང་ནས་ཐེག་མཆོག་རྣམ་གྲོལ་གླིང་དགོན་དུ་རྒྱ་གར་ས་གནས་སྐོར་སྲུང་བས་དམིགས་བསལ་མི་སྣའི་ཆེ་མཐོང་དང་ལྟ་རྟོག་འོག་ཛ་དྲག་གི་རླངས་འཁོར་ཐོག་གདན་འདྲེན་གྱིས་ཕྱི་དྲོའི་ཆུ་ཚོད་ ༦ དང་སྐར་མ་ ༤༠ ཙམ་ལ་དགོན་པར་ཞབས་སོར་འཁོད་ཅིང་། དགོན་པའི་མཁན་པོ་བླ་སྤྲུལ་ལས་བྱེད་ཡོངས་ཀྱིས་མཇལ་བཅར་གྱིས་གསོལ་འདེབས་སྨོན་ལམ་ཞུས་སྐབས་སྐུས་ཞལ་མཛུམ་མདངས་མཛད་པ་སོགས་ཟུག་རྔུའི་རྣམ་པ་ཅི་ཡང་མེད་པའི་ཐོག་དགོང་མོའི་ཆུ་ཚོད་ ༨ དང་སྐར་ ༢༠ ཐོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཅིང་ ད་ལྟའི་ཆར་ཐུགས་དམ་དུ་བཞུགས་བཞིན་བླ་ཆེན་ཁག་གི་ཞལ་བཀོད་ལྟར་སྐུའི་ཞལ་སློབ་རྣམས་ཀྱིས་དགོངས་རྫོགས་ཀྱི་མཆོད་འབུལ་ཞུ་བཞིན་ཡོད་འདུག