བོད་གཞུང་བཀའ་ཤག་གི་དགོངས་དོན་དང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཚན་ཁག་ཅིག་གིས་འཛིན་སྐྱོང་དང་སྨན་རྩིས། དངོས་ཁམས། རྫས་སྦྱོར། རྩི་ཤིང་སོགས་རིག་ཚན་ལྔ་ཡི་བརྡ་ཆད་ ༡༥༠༠ ཙམ་གཅིག་གྱུར་གཏན་འབེབས་ལེགས་འགྲུབ་བྱུང་སྟེ། དཔར་ཐེངས་དང་པོའི་དེབ་ཕྲེང་ ༥༠༠༠ ཙམ་རྒྱ་བལ་འབྲུག་གསུམ་གཙོས་བོད་ནང་དང༌། ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་འགྲེམས་སྤེལ་བྱ་འཆར་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཤེས་རིག་ལས་ཁུངས་ཚོགས་ཁང་དུ། ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད། ཞུ་བའི་ཚིག་མཛོད་ཀྱི་དཔེ་དེབ་ཅིག སྐབས་དང་པོའི་བརྡ་ཆད་ལྷན་ཚོགས་ཀྱི་ཚོགས་མི་དང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཀ་རྨ་སྨོན་ལམ་ལགས་ཀྱིས་དབུ་འབྱེད་གནང་ཡོད། ཐེངས་འདིར་ཐ་སྙད་འཚོལ་བསྡུ་དང་གཏན་འབེབས་བྱེད་མཁན་གྱི་ཁོངས་སུ་ཤེས་རིག་ལས་ཁུངས་དང་བོད་གཞུང་དཔེ་མཛོད། སྨན་རྩིས་ཁང༌། ནོར་བུ་གླིང་ཁ། བོད་གཟུང་ཟློས་གར། ཤེས་བྱ་ཀུན་བཏུས། ངྷ་ས་རིག་སློབ་བཅས་ཡིན་ཞིང༌། དཔེ་དེབ་དེ་འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་རིག སྐར་རྩིས། རྩི་ཤིང་བཅས་རིགས་ ༥ བཀར་ཡོད་ལ། ཐ་སྙད་གྲངས་ ༡༥༠༠ ཙམ་གཅིག་གྱུར་གཏན་འབེབས་བྱུང་ཡོད་འདུག
སྐབས་དེར་ཀརྨ་སྨོན་ལམ་ལགས་ཀྱིས་ཐ་སྙད་གཏན་འབེབས་ཀྱི་རྩོམ་སྒྲིག་ལས་རིམ་ངོ་སྤྲོད་གནང་དོན། སྔོན་མ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་བོད་གཞུང་བཀའ་ཤག་ནས་བརྡ་ཆད་གཏན་འབེབས་སྐོར་ལ་བཀའ་མོལ་བྱུང་པ་ལྟར། བཀའ་ཤག་གིས་ ༢༠༠༤ ལོར་བཙན་བྱོལ་བོད་པའི་ཤེས་ཡོན་བསྟི་གནས་ཁག་དང་གནད་ཡོད་མི་སྣ། རྒྱ་གར་གྱི་མཁས་དབང་སོགས་གདན་ཞུས་ཀྱིས་ཚོགས་འདུ་འཚོགས་མཐར་ཤེས་རིག་ལས་ཁུངས་ལ་བཀའ་ཕབ་པ་ལྟར། ༢༠༠༥ ལོར་ཤེས་རིག་ལས་ཁུངས་ནས་ལས་རིམ་འདི་མགོ་བཙུགས་པ་རེད། སྐབས་དེར་ང་ཚོས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང༌། བོད་གཞུང་དཔེ་མཛོད་ཁང༌། བོད་གཞུང་ཟློས་གར། བོད་གཞུང་སྨན་རྩིས་ཁང༌། མཚན་ཉིད་གྲྭ་ཚང་སོགས་ལྷན་འཛོམས་ཐོག་ལས་འཆར་བཏིང་བ་རེད། སྡེ་ཚན་དེ་དག་དང་འབྲེལ་ཡོད་ཀྱི་བརྡ་ཆད་ཁག་ཁོང་ཚོས་ཟིན་བྲིས་སུ་བཀོད་པ་དང༌། བཀའ་ཤག་གི་ལམ་སྟོན་བཞིན། རྒྱ་གར་སྐད་ཡིག་ཡར་རྒྱས་ལྷན་ཁང་ཁོངས་གཏོགས་ཐ་སྙད་གཏན་འབེབས་སྡེ་ཚན་གྱི་མི་སྣ་གདན་ཞུའི་ཐོག་བོད་མི་ཉི་ཤུ་ལྷག་ལ་ལྡི་ལི་ནས་ཟབ་སྦྱོང་དང༌། གྲོས་བསྡུར་བརྒྱུད་དེ་བོད་པའི་བརྡ་ཆད་ཐད་ཀྱི་སྒྲོམ་གཞི་ཞིག་བཟོས་པ་རེད།
དེ་ལྟར་སྡེ་ཚན་སོ་སོས་བསྡུ་རུབ་བྱས་པའི་བརྡ་ཆད་དེ་དག་པར་བརྒྱབས་རྗེས་སློབ་སྟོན་ཚོགས་ཆུང་ལ་ཕུལ་ཏེ། བརྡ་ཆད་རེ་རེ་ཁོངས་གཏུགས་རྗེས་མཐའ་མའི་ཟིན་བྲིས་བཏབ་པ་ཡིན། སྔར་ལོའི་སྤྱི་ཟླ་ ༧ པའི་ནང་ཉིན་གྲངས་བརྒྱད་རིང་གཏན་འབེབས་ཚོགས་ཆུང་དང་པོ་འཚོགས་ཡོད། ད་ཆར་དེབ་ཕྲེང་ ༥༠༠༠ ལྷག་པར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་འདི་དག བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་ཚན་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དགྲམ་རྒྱུ་དང༌། བོད་ནང་གཙོས་རྒྱ་བལ་འབྲུག་གསུམ་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐད་ཡིག་གཅིག་གྱུར་ཡིན་པ་ཡོངས་ལ་ཐབས་ལམ་དང་འདྲ་མིན་བརྒྱུད་འགྲེམས་སྤེལ་བྱ་རྒྱུའི་དམིགས་ཡུལ་ཡོད། ད་ལྟ་བརྡ་ཆད་གཏན་འབེབས་ལས་རིམ་གྱི་གྲུབ་འབྲས་དང་པོ་འདི་ལྟ་ལེགས་འགྲུབ་བྱུང་ཡོད་ནའང༌། དེབ་གཉིས་པ་དང་གསུམ་པའི་རྒྱུ་ཆ་ཉར་ཚགས་བྱས་ཡོད་སྟབས། མ་འོངས་པར་ལོ་རེའི་མཚམས་སུ་དེབ་ཕྲེང་གཅིག་རེ་པར་སྐྲུན་འགྲེམས་སྤེལ་བྱ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང༌།
བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་དེབ་ཀྱི་ཆེད་བརྗོད་བཀོད་དོན། སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་ཚུལ་ཡུལ་དུས་གནས་སྐབས་ཀྱི་གནས་སྟངས་ལ་གཞིགས་ཏེ། བྱ་དགོས་པ་ལས་ད་ལྟ་རང་གིས་ཡིད་སྨོན་བྱ་ཡུལ་སྐད་ཡིག་ཅིག་གི་འཕེལ་རིམ་ལ་བལྟས་ཏེ། དེ་ལྟར་ཡོང་ཐབས་བྱེད་པ་ནི་དཔྱོད་ལྡན་གྱི་ཐབས་ཚུལ་མིན། དེས་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་ཐབས་བཟང་ཤོས་ནི། འདས་པའི་མི་ལོ་ ༡༣༥༠ ལྷག་རིང་དར་རྒྱས་བྱུང་བའི་སྐད་ཡིག་གི་སྒྲོམ་གཞི་དེ་མ་ཉམས་རྒྱུན་འཛིན་བྱ་རྒྱུ་དང༌། ད་བར་བོད་སྐད་དུ་གཅིག་གྱུར་གཏན་འབེབས་མ་བྱུང་བའི་དེང་རབས་རིག་པའི་ཐ་སྙད་རྣམས་བོད་སྐད་དུ་གཏན་ལ་ཐབ་སྟེ། རྒྱུན་སྤྱོད་བྱ་རྒྱུ་དེ་གཉིས་ཡིན་པ་ཀུན་གསལ་ཡིན།
བོད་ཀྱི་སྐད་ཡིག་གི་གལ་ཆེའི་རྩ་དོན་འདིར་བསམས་ཏེ། བཙན་བྱོལ་གཞུང་ནས་ཤེས་རིག་ལས་ཁུངས་ཀྱི་ལས་གཞིའི་ཁོངས་སུ་རིག་གསར་ཐ་སྙད་གཏན་འབེབས་ཀྱི་འཆར་གཞི་ལམ་སྟོན་གནང་ཡོད། བོད་ཀྱི་སྐད་ཡིག་གི་ཁྱད་ནོར་འདི་ཉིད་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པར་རྒྱུན་འཛིན་དང་གོང་འཕེལ་ཐུབ་སླད། བོད་ཀྱི་སྐད་ཡིག་རྒྱུན་སྤྱོད་བྱེད་པའི་སྤྱི་སྒེར་ཡོངས་དང༌། ལྷག་པར་རྩོམ་པ་པོ། མང་ཚོགས་ཀྱི་གནས་ཚུལ་བརྒྱུད་ལམ། གཞི་རིམ་དང་མཐོ་རིམ་སློབ་ཁང་གི་དགེ་རྒན། གཞུང་སྒེར་འཛིན་སྐྱོང་ལས་ཁུངས་ཁག་བཅས་ནས་སྤྱི་ཐོག་ནས་གཏན་ལ་ཐབ་ཡོད་པའི་རིག་གསར་ཐ་སྙད་དེ་དག སྐབས་འབྲེལ་འཇུག་ཡུལ་སོ་སོར་གཅིག་གྱུར་མཁོ་སྤྱོད་གནང་རྒྱུར་འབོད་བསྐུལ་ཞུ་རྒྱུ་དང༌། ཕབ་བསྒྱུར་ལེགས་བཅོས་ཀྱི་དགོངས་འཆར་ཇི་ཡོད་ལྷུག་སྩོལ་གནང་འོས། ཞེས་བཀོད་འདུག