བོད་འབྱོར་བའི་བློ་ཕམ།

བོད་ནང་བོད་ཡིག་སྦྱོང་བ་དང་བོད་སྐད་བཤད་པ། བོད་ལྭ་གྱོན་རྒྱུ་སོགས་གཟི་བརྗིད་དུ་བརྩི། འོན་ཀྱང༌། རྒྱ་གར་ནང་གི་བོད་མི་ཚོས་བོད་ཡིག་གི་ཚགས་པར་རྐུབ་གདན་བྱེད་པ་དང༌། གསང་སྤྱོད་སོགས་སུ་མཐོང་སྐབས་ཅུང་བློ་ཕམ་པ་དང་སེམས་སྐྱོ་བ་ཞིག་བྱུང་སོང་ཟེར།

 

བོད་ནས་གསར་དུ་འབྱོར་ཞིང་ཤེས་རབ་དགའ་ཚལ་སློབ་གླིང་ནང་སློབ་གཉེར་བྱེད་བཞིན་པའི་ཕ་ཡུལ་ཨ་མདོ་བླ་བྲང་ནས་ཡིན་པའི་འཇམ་དབྱངས་ཤེས་རབ་ལགས་ཀྱིས་བོད་ནང་གི་གནས་སྟངས་ཁག་ཅིག་ངོ་སྤྲོད་བྱས་དོན། སྔར་ལོའི་ཟླ་ ༣ ཚེས་ ༡༤ ཡས་མས་ནང་བླ་བྲང་རྫོང་ཐོག་ཏུ་སྐྱ་སེར་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད། སྐབས་དེར་རང་སྲོག་དཔང་པོར་བཞག་སྟེ། རྒྱ་གཞུང་ལ་མངོན་སུམ་འཛེམ་མེད་ཀྱིས་ངོ་རྒོལ་བྱས་སོང་ལ། ཞི་རྒོལ་ཁྲོད་ཆ་ཤས་ལེན་མཁན་མང་ཤོས་གཞོན་སྐྱེས་རེད། སྐབས་དེར་ང་རང་ལ་སེམས་ཚོར་ཆེན་པོ་ཞིག་བྱུང་བ་ནི། ད་ཐེངས་ངས་ཅུང་ཙམ་འཇོན་སོང་ལ། བོད་མི་རིགས་ཀྱི་ཆེད་དུ་དོན་དག་ཅིག་འགྲུབ་སོང་སྙམ་པའི་ཚོར་སྣང་བྱུང༌། དེ་ནི་ང་གཅིག་པུ་མ་རེད། ཞི་རྒོལ་ཁྲོད་དུ་ཞུགས་མཁན་ཚང་མས་སྤོབས་པ་བྱེད་ཀྱིན་འདུག ཉིན་དང་པོའི་སྐད་འབོད་སྐབས་ཀྱི་པར་དང་གནས་ཚུལ་མང་དག་ཅིག་ཕྱི་ལོགས་སུ་སླེབས་མི་འདུག

 

སྐབས་དེར་ཨ་མཆོག་དགོན་པའི་དགེ་འདུན་པ་ཚོའི་སྟེང་ལ་རྒྱ་དམག་གིས་མེ་མདའ་སྐོར་སོང་ཟེར་ནས། མང་ཚོགས་ཀྱིས་དྲག་པོའི་གྱེན་ལངས་བྱ་རྒྱུར་གྲ་སྒྲིག་བྱས་སྐབས། རྒྱ་གཞུང་གིས་དྲག་དམག་འབོར་ཆེན་ཆེད་མངགས་ཀྱིས་མེ་སྒྱོགས་ཆེན་པོ་ ༢༥ ཙམ་ཨ་མཆོག་ལ་སྐྱེལ་འདྲེན་བྱས་སོང༌། བླ་སྤྲུལ་ཚོས་མི་དམངས་ལ་ཞི་རྒོལ་མཚམས་འཇོག་བྱ་དགོས་པ་དང༌། དམག་ཕྱིར་འཐེན་བྱ་དགོས་པའི་རེ་བ་བཏོན་ཡང༌། དོན་འབྲས་མ་སོན་པར་དགོན་པའི་ནང་དམག་མིས་སྔོག་བཤེར་བྱས་ཏེ། ཆེ་བ་རྒྱ་སྒོར་ཁྲི་ ༨༠ ཅན་གྱི་སྒྲོལ་མའི་སྐུ་དང༌། ཆུང་བ་གྲྭ་བ་ཚོའི་ལག་ཁྱེར་ཁ་པར་དང་བཅས་པ་བཅོམ་འཕྲོག་བྱས་སོང༌།

 

རྒྱ་དམག་གིས་བླ་བྲང་དགོན་ཕྱི་རིམ་ནང་རིམ་གཉིས་སུ་བསྐོར་ཏེ། འགྲོ་སྐྱོད་བཀག་སྡོམ་བྱས་སྟབས་དགེ་འདུན་པ་ཚོར་ཟ་མའི་དཀའ་ངལ་འཕྲད་ཡོད། རྒྱ་ནག་དབུས་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ། བོད་མི་ཚོས་ཡར་ལངས་རྒྱག་སྐབས། ཁ་ཆེ་གསོད། རྒྱ་ནག་འཕུད་ཟེར་གྱིན་འདུག ཅེས་དྲིལ་བསྒྲགས་རྫུན་མ་བྱས་ཡོད་སྟབས། གྲངས་ཉུང་མི་རིགས་ཕན་ཚུན་བར་ལ་འགལ་ཟླ་བཟོས་ཏེ། རྒྱ་རིགས་མི་མང་དཀྱུས་མ་ཚོ་བོད་མིའི་སྟེང་ལ་མི་དགའ་བ་ཆགས་འདུག་མོད། རྒྱ་ནག་གི་ཤེས་ཡོན་པ་དང་སློབ་ཆེན་སློབ་མ་ཚོ་བོད་དོན་ལ་དོ་སྣང་གསར་བ་སླེབས་ཤིང༌། ༧ཏཱ་ལའི་བླ་མས་སྐད་ཆ་ཅི་ཞིག་བཤད་ཀྱིན་ཡོད་པ་དང༌། དགོངས་དོན་ངོ་མ་གང་ཡིན་ཤེས་འདོད་དང༌། རྒྱ་ནག་གི་སློབ་གྲྭ་ཆེན་མོ་དག་གི་བོད་ཀྱི་སློབ་ཕྲུག་ཚོར་མཐོང་ཆེན་བྱེད་ཀྱིན་འདུག

 

བོད་ནང་གི་བོད་མི་ཚོས་བརྙན་འཕྲིན་བརྒྱུད་དེ་༧གོང་ས་མཆོག་མཐོང་སྐབས། ༧གོང་ས་མཆོག་དངོས་སུ་ཕེབས་པ་ལྟར། ཕྱག་འཚལ་བ་དང་མཆོད་པ་འབུལ་བ། གསང་གཏོང་བ་དང་མཆོད་མེ་སྒྲོན་པ་སོགས་བྱེད་ཀྱིན་འདུག ཡི་གེ་མི་ཤེས་ཀྱང༌། བོད་ཡིག་གི་དེབ་དང་ཚགས་པར་ལ་མཐོང་ཆེན་བྱེད་ཀྱིན་འདུག དེ་བཞིན་སློབ་གྲྭ་ཆེན་མོ་བ་ཚོས་ཀྱང་བོད་ཡིག་སྦྱོང་བ་དང་བོད་སྐད་བཤད་པ། བོད་ལྭ་གྱོན་རྒྱུ་སོགས་གཟི་བརྗིད་དུ་བརྩི་བཞིན་འདུག འོན་ཀྱང༌། རྒྱ་གར་ནང་གི་བོད་མི་ཚོས་བོད་ཡིག་གི་ཚགས་པར་རྐུབ་གདན་བྱེད་པ་དང༌། གསང་སྤྱོད་སོགས་སུ་མཐོང་སྐབས་ཅུང་བློ་ཕམ་པ་དང་སེམས་སྐྱོ་བ་ཞིག་བྱུང་སོང༌། ཞེས་བརྗོད་སོང༌།

 

གྲྭ་འཇམ་དབྱངས་ཤེས་རབ་ལགས་ནི། སྔོན་ཆད་རྒྱ་གར་ལ་ཐེངས་ ༣ ཙམ་ལ་ཡོང་སྟེ། ༧གོང་ས་མཆོག་གི་གསུང་རྩོམ་དང་སྐུ་པར། པཎ་ཆེན་ཆུང་སྲིད་མཆོག་གི་སྐུ་པར་སོགས་བོད་དུ་ཁྱེར་ཏེ། འགྲེམས་སྤེལ་བྱས་ཡོད་སྟབས། རྒྱ་གཞུང་གི་ཉེན་རྟོག་པའི་རྟོག་གཞིར་གྱུར་ཏེ། ཐེངས་འདིར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “བོད་འབྱོར་བའི་བློ་ཕམ།

  1. རྫ་ཚེ་རིང་བཀྲ་ཤིས།

    ངས་ཀྱང་སྤྱི་ཚོགས་འདིར་བོད་ཡིག་ཚགས་པར་འཕོང་ཕྱིས་སུ་སྤྱོད་པ་ད་བར་མ་མཐོང་།
    མ་གཞི་ང་བོད་ཡིག་ལ་དད་པ་འཇོག་མཁན་གྱི་རྩོད་ཟླ་ཞིག་ཡིན།
    འོན་ཀྱང་ནང་དོན་དང་མཚོན་དོན་ཀྱིས་སྐབས་རེར་རྩི་བཀུར་བྱ་དགོས་པ་ནི་སྨོས་མེད་རེད།

  2. ཁང་གསར་རྡོ་རྗེ།

    བློ་ཕམ་དེར་མོས་མཐུན་མེད། དང་པོ་ཁྱོད་ཀྱིས་༼སྐབས་དེར་ཨ་མཆོག་དགོན་པའི་དགེ་འདུན་པ་ཚོའི་སྟེང་ལ་རྒྱ་དམག་གིས་མེ་མདའ་སྐོར་སོང་ཟེར་ནས། མང་ཚོགས་ཀྱིས་དྲག་པོའི་གྱེན་ལངས་བྱ་རྒྱུར་གྲ་སྒྲིག་བྱས་༽ཞེས་བོད་ནང་གི་བོད་མིས་དྲག་པོའི་གྱེན་ལངས་བྱེད་རྩིས་བྱས་ལུགས་བཤད་པ་འདི་རྫུན་ཆེན་པོ་རེད། ཞི་རྒོལ་ལ་དྲག་པོའི་གྱེན་ལངས་བྱས་པ་རེད་ཅེས་རྒྱ་ནག་གཞུང་གིས་སྙོན་འཛུགས་བྱས་པ་དང་གཅིག་པ་ཆགས་འདུག

    གཉིས་པ་བཙན་བྱོལ་ནང་༼རྒྱ་གར་ནང་གི་བོད་མི་ཚོས་བོད་ཡིག་གི་ཚགས་པར་རྐུབ་གདན་བྱེད་པ་དང༌། གསང་སྤྱོད་སོགས་སུ་མཐོང་སྐབས་༽ཞེས་བཤད་འདུག ང་བཙན་བྱོལ་ནང་ལོ་མང་བསྡད་པ་རེད། འདིའི་ཆ་ནས་བཤད་ན་ཁྱོད་ཀྱི་རྐང་རྗེས་ལས་ངའི་རྐུབ་རྗེས་མང་བ་རེད། བཙན་བྱོལ་གྱི་ས་གནས་གང་དུ་དུས་ནམ་ཞིག་ལ་མི་སུས་བོད་ཡིག་ཚགས་པར་གྱིས་རྐུབ་གདན་བྱས་འདུག་གམ། གསང་སྤྱོད་ནང་སུས་བོད་ཡིག་གི་ཚགས་པར་སྤྱོད་ཀྱི་འདུག་གམ། དེ་འདྲ་རྩ་བ་ནས་མི་སྲིད་ཅེས་ངས་བརྗོད་མི་ཐུབ་ཀྱང་། ཧ་ལམ་མི་སྲིད་པ་ལྟ་བུ་རེད། སྲིད་ན་གང་དུ་སྲིད་པ་ཁུངས་སྐྱེལ་བྱེད་དགོས། དེ་མིན་རྒྱ་གར་ནང་གི་བཙན་བྱོལ་བོད་མི་ཞེས་ཞྭ་མོ་ནག་པོ་གཡོག་རྐྱང་བྱས་ན་ཡག་པོ་མ་རེད།

  3. དཀར་ཕྱོགས་གཉེར་ཉེ།

    བཙན་བྱོལ་བོད་མི་ཚོ་ག་ཚོད་སྡུག་ཀྱང་བོད་མི་ཡིན་པར་བརྟེན་བོད་ཡིག་ཚགས་པར་རྐུབ་གདན་བྱེད་པ་དང༌། གསང་སྤྱོད་སོགས་སུ་བེད་སྤྱོད་གཏོང་གི་ཡོད་པ་མ་རེད། སྐད་ཆ་ག་རེ་བཤད་ཀྱང་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཤོད་དགོས། ཁྱེད་རང་གི་གསུང་པ་འདི་རྐང་རྗེས་ལག་བསུབ་བཏང་འདུག་གོ༎

  4. སེམས་ཤིག་ལ་དགའ་བོ་བྱུང་སོང་། ཡིན་ན་འང་་་་་་་་
    རྒྱ་གར་ནང་གི་བོད་མི་ཚང་མ་དེ་འདྲ་འུ་ཡིན་ན་་་་་་་་་་་་་་་་་་་་་་་་