རྒྱ་གར་ལ་ནང་ཆོས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན།

སྤྱི་ནོར་༧གོང་ས་མཆོག་གིས་བོད་མི་སྐྱབས་བཅོལ་བར་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ལེགས་གསོལ་དང་འབྲེལ། འཕགས་བོད་གཉིས་བར་རང་བྱུང་ས་ཁམས་ཀྱི་འབྲེལ་བ་དང་རིགས་རུས་མི་རྒྱུད་ཀྱི་འབྲེལ་བ། ཆོས་ལུགས་རིག་གཞུང་གི་འབྲེལ་བ། འཚོ་གནས་རོགས་ཕན་གྱི་འབྲེལ་བ་བྱུང་ཚུལ་དང༌། བོད་པ་ཚོས་རྒྱུན་འཛིན་དང་བསྐྱར་གསོ་བྱས་པའི་ནང་བསྟན་རིགས་པའི་གཞུང་ལུགས་མང་པོ་ཞིག་ཕྱིར་རྒྱ་གར་ལ་འབུལ་འཆར་ཡོད་སྐོར་གསུངས་ཡོད།

 

བོད་གཞུང་དམངས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་ཏེ། ཕྱི་ཚེས་ ༣༡ ཉིན་སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ལེགས་གསོལ་གྱི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང༌། འཕགས་བོད་གཉིས་ཀས་འགངས་ཆེན་དུ་རྩི་བའི་གངས་དཀར་ཏི་སེ་དང་མ་ཕམ་གཡུ་མཚོ། ཁ་འབབ་ཀྱི་ཆུ་བོ་བཞི་སོགས་བོད་དང་རྒྱ་གར་བར་རང་བྱུང་ས་བབ་ཀྱི་འབྲེལ་བ་ཡོད་པ། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་བོ་རུ་པ་ཏི་དཔུང་དང་བཅས་པ་གངས་ལྗོངས་སུ་བྲོས་ཏེ་བོད་དུ་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ། རྒྱ་གར་མ་གྷ་ངྷའི་རྒྱལ་སྲེས་ཡུལ་ནས་བསྐྲད་པ་བོད་དུ་ཕྱིན་ཏེ་བོད་ཀྱི་རྒྱལ་བོའི་ཐོག་མར་གྱུར་ཚུལ། སྤྱི་ལོའི་དུས་རབས་བདུན་པར་བོད་ཕྲུག་མང་པོ་རྒྱ་གར་ཏུ་ཡོང་ནས་ནཱ་ག་རཱིར་དཔེ་བྱས་ཏེ་བོད་ཡིག་གསར་གཏོད་བྱས་ལུགས། སློབ་དཔོན་ཞི་བ་འཚོ་དང་པདྨ་སམ་བྷ་ཝ་སོགས་པཎ་གྲུབ་མང་པོ་བོད་དུ་བྱོན་ཏེ་ནང་ཆོས་སྤེལ་སྟངས། དེ་བཞིན། རྗེས་སུ་རྒྱ་གར་གྱི་ཆོས་སྡེ་རྣམས་ཏུ་རུ་ཁའི་དཔུང་གིས་བཅོམ་སྐབས། རྒྱ་གར་གྱི་མཁས་པ་ཇི་སྙེད་ཅིག་བོད་ནང་བཙན་བྱོལ་དུ་ཕྱིན་པ་སོགས་བོད་དང་རྒྱ་གར་གཉིས་ཀྱི་རྒྱུན་རིང་ཞིང་གཏིང་ཟབ་པའི་འབྲེལ་བའི་བྱུང་རིམ་བཅས་བཀོད་འདུག

 

གསུང་འཕྲིན་ནང་རྒྱ་གར་དང་བོད་པའི་ཉེ་རབས་ཀྱི་སྲིད་ལུགས་འབྲེལ་བའི་སྐོར་བཀོད་དོན། ༡༩༠༤ ལོར་དབྱིན་ཇིའི་དཔུང་འཇུག་དང༌། དམག་མཚམས་ཆོད་པའི་ཆིངས་ཡིག་བཞག་པ། ཕྱི་ལོ་ ༡༩༡༠ ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༡༣ དང་ ༡༩༡༤ ལོར་སིམ་ལའི་ཆིངས་ཡིག་བཞག ཆིངས་དོན་རྣམས་ལོ་བཅུ་རེའི་མཚམས་འཆར་ཅན་བསྐྱར་གསོ། བོད་དང་རྒྱ་གར་བར་ཚོང་འབྲེལ་དང་ཚོང་ལམ་སྲུང་སྐྱོབ་ཀྱི་དཔུང་ཁག་བོད་དུ་གནས་སྡོད། ཡིག་ཟམ་དང་ལྕགས་སྐུད་ཀྱི་འབྲེལ་ལམ། ལྷ་སར་རྒྱ་གར་གཞུང་གི་ལས་ཁུངས་ཚུགས་པ་སོགས་འབྲེལ་ལམ་གཏིང་ཟབ་གོང་ཡོད་མུར་ཕྱི་ལོ་ ༡༩༤༧ ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་བར་བརྒལ་གཞུང་གིས་ཤར་གླིང་འབྲེལ་ལམ་གྱི་ཚོགས་ཆེན་དུ་བོད་གཞུང་གི་སྐུ་ཚབ་གདན་ཞུ་གནང་བ། ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་ཆེན་ཐོག་ངོས་དང་པཎ་ཆེན་རིན་པོ་ཆེས་གཙོས་བོད་ཀྱི་བླ་ཆེན་མང་པོ་མགྲོན་འབོད་གནང་བ། སྐབས་དེར་ངོས་རང་རྒྱ་གར་དུ་གནས་སྡོད་རིང་ཕྱི་ནང་གི་གནས་ཆེན་མང་པོ་མཇལ་རྒྱུ་བྱུང་བར་མ་ཟད། རྒྱ་གར་གྱི་འཛུགས་སྐྲུན་རྟེན་གཞི་མང་པོར་ལྟ་སྐོར་གྱིས་ཡིད་འགུལ་དང་རྣམ་དཔྱོད་གསར་པ་མང་པོ་རྙེད་ཅིང༌། ལྷག་དོན་རྒྱ་གར་གྱི་གལ་ཆེའི་དབུ་ཁྲིད་མང་པོ་དང་མཇལ་འཕྲད་ཀྱིས་རླབས་ཆེའི་སློབ་སྟོན་ཐོབ་པ། ཡང་སྒོས་སྲིད་བློན་ནའེ་རིས་ནང་ལུགས་ཀྱི་ལམ་སྟོན་ཐུགས་བརྩེ་ཆེན་པོས་གནང་བ་དེ་དག་བོད་མིའི་རྩ་དོན་ལ་ཕུགས་རྒྱང་རིང་པོའི་ཕན་ཐོགས་བྱུང༌། སྐབས་དེར་ངོས་རང་སྐྱབས་བཅོལ་དུ་མ་བསྡད་པར་བོད་དུ་ཕྱིར་ལོག་བྱས་པའང་ད་ལྟ་ཕྱི་མིག་ལྟ་སྐབས། ཆོས་སྲིད་གཉིས་ཐད་ནས་ཐག་གཅོད་མ་ནོར་བ་ཞིག་བྱས་འདུག་སྙམ་པ་ཡོང་གི་འདུག ངོས་རང་བོད་དུ་ཕྱིར་ལོག་རྗེས་དགེ་བཤེས་དམ་འཇོག་སོགས་ཆོས་ཕྱོགས་ཀྱི་གལ་ཆེའི་བྱེད་སྒོ་མང་དག་ཅིག་གྲུབ་པར་མ་ཟད། རྒྱ་ནག་གི་མགོ་ཁྲིད་ཚོར་སླར་ཡང་མ་ལན་མ་འགྱོད་པའི་འབྲེལ་གཏུགས་གོ་བསྡུར་བྱ་རྒྱུའི་གོ་སྐབས་བྱུང༌། ཞེས་བཀོད་འདུག

 

ཡང་ཁོང་གིས་བོད་མི་རྣམས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་སྐབས་རྒྱ་གར་གཞུང་ཕྱོགས་ནས་བོད་མིར་མཐུན་འགྱུར་རོགས་རམ་བྱས་སྐོར་བཀོད་དོན། བོད་ནང་དྲག་གནོན་མཚམས་འཇོག་མེད་ཁར་ས་ཁུལ་ཡོངས་སུ་ཁྱབ་པར་བརྟེན། བོད་མི་འབུམ་ལ་ཉེ་བ་ཞིག་མོན་ཡུལ་དང་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་སྐབས། ཟས་གོས་གནས་མལ་སྨན་བཅོས་བཅས་ཀྱི་མཐུན་རྐྱེན་ཆ་ཚང་བསྐྲུན་ཏེ་དབུགས་དབྱུང་མཛད། ལྷག་པར་སྲིད་བློན་ནའེ་རི་སྐུ་སྒེར་གྱི་ཐུགས་འགན་བཞེས་ཏེ། བཙན་བྱོལ་བོད་མི་རྣམས་ཁ་མ་འཐོར་བར་མཉམ་སྡོད་ཐུབ་པའི་སོ་ནམ་གཞིས་ཆགས་ཁག་མང་གསར་འཛུགས་དང༌། བོད་ཕྲུག་ཡོངས་ལ་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་བོད་ཀྱི་སྐད་ཡིག་དང༌། ཆོས་རིག ལེགས་བྱང་བཅས་པའང་སློབ་སྦྱོང་བྱ་ཡུལ་གྱི་བོད་མིའི་སློབ་གྲྭ་ཁག་ཟུར་འཛུགས་གནང༌། འདས་པའི་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་ཆིག་འབུམ་ཙམ་རྒྱ་གར་ཡུལ་མི་དང་ཆ་འདྲ་བའི་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་རོལ་ཏེ། ད་ཆ་མི་རབས་གསུམ་པ་འཚར་ལོང་ཡོང་བཞིན་པ་དང༌། རྒྱ་གར་དབུས་དང་མངའ་སྡེའི་གཞུང་འཛིན་ཚོགས་པ་མང་པོ་ཞིག་འཕོ་འགྱུར་ཕྱིན་ཡང༌། བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་སྲིད་བྱུས་འགྱུར་མེད་བརྟན་འཛིན་གནང་བ་དང༌། རང་ཉིད་ཤེས་འཇོན་ལྡན་ཚེ་ལས་ཞབས་དང་འཚོ་ཐབས་གང་གི་ནང་དུའང་རྒྱ་གར་ཡུལ་མི་དང་འདྲ་མཉམ་གྱིས་ཞུགས་ཆོག་པ་བཅས་ནི་རྗེས་སུ་ཡི་རངས་བྱ་ཡུལ་ཡིན། རྒྱ་གར་རང་ལ་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་སྐུ་ངལ་དང་མཛད་དཀའ་མང་དག་ཡོད་མིན་ལ་མ་ལྟོས་པར་ཕྱོགས་ཡོངས་ནས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་ཆེ་ཤོས་གནང་མཁན་དེ་ཆགས་ཡོད། འདས་ལོ་ལྔ་བཅུའི་ཉམས་མྱོང་ལས་ད་ཆ་བཙན་བྱོལ་བོད་མི་ཡོངས་ལ་ང་ཚོས་སྐྱབས་བཅོལ་ཞུ་ཡུལ་ནོར་མི་འདུག་སྙམ་པའི་ཡིད་ཆེས་བརྟན་པོ་རྙེད་ཡོད། ཅེས་བསྟན་འདུག

 

ཁོང་གིས་མུ་མཐུད་དུ་རྒྱ་གར་གྱི་མང་ཚོགས་ཀྱི་ངོས་ནས་བོད་མིའི་འཚོ་ཐབས་ཀྱི་དཀའ་ངལ་སེལ་སྐོར་གསུངས་དོན། རྒྱ་གར་མང་ཚོགས་ཀྱི་ཁྲོད་རིགས་རུས་དང་ཆོས་ལུགས། ཆབ་སྲིད་ཚོགས་པ་བཅས་ཀྱི་དབྱེ་བ་མེད་པར་འཕགས་བོད་མཛའ་འབྲེལ་ཚོགས་པ་དང༌། འཕགས་བོད་མཐུན་འབྲེལ་སྡིངས་ཆ། རྒྱ་གར་བོད་ཀྱི་གྲོགས་པོ་སོགས་ཀྱིས་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སྣ་མང་དང༌། གང་ཟག་སྒེར་གྱི་ངོས་ནས་བཙན་བྱོལ་བོད་མིའི་བདེ་དོན་དང་བོད་ཀྱི་རྩ་དོན་ཐོག་རང་དོན་ལས་ལྷག་པའི་ཐུགས་ཁུར་བཞེས་མཁན་གྲངས་ལས་འདས་པ་བྱུང༌། རླབས་ཆེའི་གྲོགས་ཕན་འདི་ལྟ་བུ་གནང་བ་ནི་དགོས་དུས་སུ་ཕན་པའི་གྲོགས་པོ་ནི་གྲོགས་པོ་ངོ་མ་ཡིན་ཞེས་དབྱིན་སྐད་ཀྱི་གཏམ་དཔེ་ནང་ཡོད་པ་ལྟར་དངོས་སུ་བྱུང་ཡོད། སྐད་དང་གོམས་གཤིས། རྒྱུན་སྤྱོད་སོགས་མི་འདྲ་བའི་དབང་གིས་ཡུལ་མི་རྣམས་ལ་སྐུ་ངལ་དང་ཐུགས་སུན་ཡོང་སྲིད་ཀྱང༌། རྒྱ་གར་ནང་ཁྱིམ་མཚེས་རྒྱལ་ཁབ་ཅི་རིགས་ནས་ཡོང་བའི་སྐྱབས་བཅོལ་བ་གཞན་གྱི་གྲངས་འབོར་དང་བསྡུར་ན། བོད་མི་སྐྱབས་བཅོལ་བ་ཉུང་ཤོས་ཡིན་རུང༌། གཞུང་དང་མང་ཚོགས་ཀྱི་མཐུན་འགྱུར་དང་ངོས་འཛིན་ཆེ་ཤོས་འཐོབ་ཡོད་པ་མ་ཟད། རྒྱ་གར་གྱི་གྲོང་ཚོ་ཕལ་ཆེ་བའི་ནང་དགུན་ཁའི་སྐབས་བལ་གོས་ཚོང་པའི་ངོ་བོར་དངོས་གསལ་དོད་པོས་མཐོང་རྒྱུ་ཡོད་པ་ཞིག་ཀྱང་ཡིན། སོ་ནམ་ཞིང་ལས་ཐོག་འཚོ་ཐབས་ཁ་གསབ་ལྟ་བུར་བོད་མི་མང་ཆེ་བ་དགུན་དུས་ཟླ་ཤས་རིང་རྒྱ་གར་གྱི་གྲོང་ཁྱེར་ཕལ་མོ་ཆེའི་ནང་བལ་གོས་འཚོང་འགྲེམས་སུ་བསྐྱོད་རྒྱུའི་ལམ་སྲོལ་ཞིག་བྱུང་བ་དེ་བཙན་བྱོལ་བོད་མིའི་འཚོ་ཐབས་ལ་རོགས་སྐྱོར་མ་ཟད། འཕགས་བོད་མང་ཚོགས་བར་འབྲེལ་ལམ་དང་གོ་རྟོགས་སྤེལ་རེས་ཀྱི་ཆ་རྐྱེན་བཟང་པོ་ཞིག་ཆགས་ཡོད། བཙན་བྱོལ་བོད་མི་མང་ཆེ་བ་ད་ཆ་རང་ཁ་རང་གསོ་ཐུབ་པའི་གནས་སུ་སླེབས་ཡོད་ཀྱང༌། གཞི་རིམ་སློབ་གྲྭ་ཁག་གིས་མཚོན་ད་ལྟའང་སྡེ་ཚན་དང་སྒྲིག་འཛུགས་མང་པོ་ཞིག་རྒྱ་གར་དབུས་སའི་གཞུང་གི་དཔལ་འབྱོར་གྱི་མཐུན་འགྱུར་ལ་བརྟེན་ཡོད། ཅེས་བཀོད་འདུག

 

མཇུག་མཐར་ཁོང་གིས་བོད་མི་ཚོས་རྒྱུན་འཛིན་དང་བསྐྱར་གསོ་བྱས་པའི་ནང་བསྟན་གྱི་གཞུང་ལུགས་ཁག་ཅིག་ཕྱིར་རྒྱ་གར་ལ་འབུལ་རྒྱུ་ཡིན་སྐོར་བཀོད་དོན། བོད་མི་རིགས་ཀྱི་འདས་པའི་ལོ་ ༡༥༠༠ ཙམ་གྱི་རིང་རྒྱ་གར་ནས་བརྒྱུད་པའི་ནང་པའི་ཆོས་དང་དེའི་རིག་པའི་གཞུང་ལུགས། དེ་ལས་བྱུང་བའི་ལེགས་བྱང་བཅས་རྒྱུན་འཛིན་དང་སྲུང་སྐྱོབ་དར་རྒྱས་རླབས་ཆེན་ཞུས་ཐུབ་པ་དེ་ནི་དྲིན་ལན་བསབས་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང༌། རྒྱ་གར་དུ་ཉམས་དམས་སོང་བ་རྣམས་བསྐྱར་གསོའི་ལམ་ནས་རྒྱ་གར་ལ་ཕྱིར་འབུལ་ཞུ་རྒྱུའི་རེ་འདུན་ཤུགས་ཆེན་ཡོད། སྲིད་བློན་ནའེ་རིས་གནད་དོན་དེའི་ཆེད་འབྲས་ལྗོངས་བོད་རིག་པའི་ཉམས་ཞིབ་ཁང་དང༌། ལ་དྭགས་མཚན་ཉིད་སློབ་ཁང༌། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་བཅས་ཆེད་འཛུགས་བསྐྱངས་པ་ལྟར། ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཕྱིན་པའི་གཞུང་ལུགས་བོད་སྐད་དུ་ཡོད་པ་རྣམས་ནས་ལེགས་སྦྱར་གྱིས་མཚོན་རྒྱ་གར་གྱི་སྐད་རིགས་ཁག་ཏུ་བསྒྱུར་ཏེ། བསྐྱར་གསོའི་ལས་རིམ་ལེགས་འགྲུབ་ཡོང་གིན་ཡོད་པ་དང༌། བོད་མིས་འཛིན་སྐྱོང་བྱེད་པའི་རྒྱ་གར་གྱི་རིག་གཞུང་རྣམས་ད་ཆ་རྒྱ་གར་ལ་བསྐྱར་དུ་འབུལ་ལམ་ཞུ་རྒྱུའི་ལས་རིམ་མཚོན་པའི་ཆེད། བོད་སྐད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང༌། ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ནས་ད་བར་ལེགས་སྦྱར་དུ་བསྐྱར་གསོ་ཟིན་པའི་ཆོས་ཚན་གྲངས་ ༦༣ དང༌། ཧིན་སྐད་སོགས་སུ་ཕབ་བསྒྱུར་ཟིན་པའི་ཆོས་ཚན་གྲངས་ ༡༥༠ ལྷག་ཙམ་རྒྱ་གར་རྒྱལ་ཁབ་ལ་འབུལ་ལམ་ཞུ་འཆར་ཡོད། དེ་རིང་ཁྱེད་རྣམ་པར་སྙན་གསན་ཞུ་བ་དང་ཆབས་ཅིག ངོས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། རྒྱ་གར་གྱི་དབུས་དང་མངའ་སྡེའི་གཞུང་དང་མི་མང་ཡོངས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཡང་ཡང་ཞུ་རྒྱུ་ཡིན། ཞེས་དང༌། བལ་ཡུལ་དང་འབྲུག་ཡུལ་གཉིས་ཀྱང་བོད་ཀྱི་ཁྱིམ་མཚེས་ཆོས་དང་རིག་གཞུང༌། སྤྱི་ཚོགས་བཅས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པའི་ཡུལ་ལུང་ཞིག་ཡིན་པ་དང༌། རྒྱལ་ཁབ་དེ་གཉིས་ཀའི་ནང་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་ད་བར་གནས་སྡོད་ཀྱིས་འཚོ་བ་བཟང་པོ་སྐྱེལ་བཞིན་ཡོད་སྟབས། བལ་འབྲུག་གཉིས་ཀྱི་གཞུང་དང་མང་ཚོགས་བཅས་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་བོད་མི་མང་ཉུང་ཅི་རིགས་གནས་སྡོད་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་མང་ཡོངས་ལའང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply