ལི་ཐང་ལོ་རྒྱུས་ཕྱོཊ་སྒྲིག

ཉེ་ཆར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས། དབྲ་ཕྲུག་ངག་དབང་གིས་ཕྱོགས་སྒྲིག་མཛད་པའི་ལི་ཐང་ལོ་རྒྱུས་ཡིག་ཚང་ཕྱོགས་སྒྲིག་དེབ་ཕྲེང་ ༤ དཔར་སྐྲུན་བྱས་ཏེ། ཕྱི་ཟླ་ ༡ ཚེས་ ༡༣ ཉིན་རྒྱ་གར་ཝ་རཱ་ནཱ་སིར་ཨ་རུ་ནཱ་ཅལ་གྱི་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ཡིས་དབུ་འབྱེད་བྱས་ཡོད།

 

ལོ་རྒྱུས་བསྡུ་རུབ་དང་ཕྱོགས་སྒྲིག་མཛད་པའི་དེབ་ཕྲེང་དང་པོ་ནི་ལི་ཐང་མངའ་རིས་ཞིང་ཁམས་ཀྱི་སྡེ་བ་དང་དགོན་པ་ངོ་སྤྲོད་དང༌། དེབ་ཕྲེང་གཉིས་པ་ནི་མདོ་ཁམས་སྤོམ་འབོར་སྒང་གི་ལི་ཐང་དགོན་ཡུལ་གཉིས་ཀྱིས་བཙན་འཛུལ་པར་ངོ་རྒོལ་གྱིས་རང་ས་སྲུང་སྐྱོབ་བྱས་པའི་སྐོར་ཡིན།  ལི་ཐང་ལོ་རྒྱུས་ཡིག་ཚང་ཕྱོགས་སྒྲིག་གི་དེབ་ཕྲེང་གསུམ་པ་དང་བཞི་བ་ནི་དབྲ་ཕྲུག་ངག་དབང་ལགས་ཀྱིས་བརྩམས་གནང་མཛད་པའི་ཁོང་གི་མི་ཚེའི་ལོ་རྒྱུས་ཟོལ་མེད་སྲོང་པོའི་གཏམ་གྱི་རོལ་མོ། ཞེས་པའི་སྟོད་ཆ་དང་སྨད་ཆ་ཡིན།

 

དེབ་ཕྲེང་དང་པོའི་ནང་དུ་ལི་ཐང་ཡུལ་སྡེའི་སྐོར་ཏེ། ལི་ཐང་གི་སའི་ཆགས་ཚུལ་དང༌།  མི་མང་གི་འཚོ་བ་སྐྱེལ་སྟངས། རང་བྱུང་ཐོན་ཁུངས། བཟོ་རིག་ལག་རྩལ། ཚོང་ལས་དང་ཡུལ་སྲོལ་གོམས་གཤིས་བཅས་ངོ་སྤྲོད་དང༌། དེ་བཞིན་ལི་ཐང་མངའ་རིས་ཞིང་ཁམས་ཀྱི་དགོན་པ་དག་གི་མཚན་ཐོ་དང་ལོ་རྒྱུས། དགོན་རྟེན་ཆོས་སྤྱོད་བཅས་ཀྱི་ངོ་སྤྲོད་དང༌། བོད་ཀྱི་མཁས་དབང་ཚོས་མཛད་པའི་ལི་ཐང་དགོན་པ་ཁག་གི་ལོ་རྒྱུས་བདམས་བཀོད་བྱས་ཡོད།  དེབ་ཕྲེང་གཉིས་པའི་ནང་དུ། བོད་ཀྱི་བསྟན་སྲིད་སྲུང་སྐྱོབ་ཆཻད་མདོ་ཁམས་སྤོམ་འབོར་སྒང་གི་ཆར་གཏོགས། ལི་ཐང་ཡུལ་དགོན་གཉིས་ཀྱི་སེར་སྐྱ་དཔའ་བོ་ཕོ་མོས་རྒྱ་དམར་བཙན་འཛུལ་པར་དྲག་འཐབ་རྒོལ་ལན་སྤྲད་ཚུལ་དང༌། ཕྱི་ལོ་ ༡༩༥༦ ཟླ་ ༣ ནས་མགོ་བཙུགས་ཏེ་ལི་ཐང་པས་བཙན་འཛུལ་པར་འཐབ་འཛིང་ཐེངས་ ༡༥༥ བརྒྱབས་པའི་སྐོར་ཡིན།

 

དེབ་ཕྲེང་གསུམ་པ་ནི། དབྲ་ཕྲུག་ངག་དབང་ཁོང་རང་ཉིད་ཀྱི་མི་ཚེ་ལོ་རྒྱུས་ཀྱི་སྟོད་ཆ་ཡིན་པ་དང༌། ཆུང་དུས་ཀྱི་ཕ་ཡུལ་དང་རི་ཆུ། འཚོ་བ་སྐྱེལ་སྟངས་སོགས་ངོ་སྤྲོད་དང༌། ༡༩༥༧ ལོའི་རང་ལོ་ ༢༩ སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་ཀྱིས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གསར་བཞེངས་བྱས་ཏེ། དུས་འཁོར་དབང་མོ་ཆེ་ཞུས་ཚུལ་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་རྒྱ་ནག་ལ་ངོ་རྒོལ་དང་འཐབ་རྩོད་ཀྱི་བྱུང་རིམ། དེ་བཞིན་ཁམས་དང་ཨ་མདོ་ས་ཁུལ་གྱི་དཔའ་བོ་ཚོའི་ལོ་རྒྱུས་དང་བྱེད་ནུས་སོགས་རང་གི་ལོ་རྒྱུས་དང་འབྲེལ་ཏེ་བྲིས་འདུག  

 

དེབ་ཕྲེང་བཞི་བ་ནི། རྩོམ་པ་པོ་ཁོང་གི་མི་ཚེ་ལོ་རྒྱུས་ཀྱི་སྨད་ཆ་ཡིན་པ་དང༌། དེར་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་བ་དང༌། བོད་མི་རྣམས་རྒྱ་གར་དུ་ཆབ་སྲིད་སྐྱབས་བཅོལ་བ་ཆགས་ཚུལ། ཐའེ་ཝན་གོ་མིན་ཏང་དང་བོད་སོག་ལས་ཁུངས་ཀྱིས་བཙན་བྱོལ་ནང་གི་བོད་མི་རྣམས་བསླུ་ཉོ་བྱས་པའི་ལོ་རྒྱུས། ལྷ་སྲས་རྒྱལ་ལོ་དོན་གྲུབ་དང་ཨ་འབྲུག་སྦྱིན་བདག་གཉིས་ཀྱིས་ས་མཚམས་སུ་འཇབ་དམག་འཛུགས་ཐབས་ཀྱི་འཆར་གཞི་བཀོད་ཚུལ། རྒྱལ་ཁབ་གཞན་དང་འབྲེལ་བ་བྱུང་བ་དང་གཞི་ཆགས་གསར་འཛུགས། ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་སྤྱི་འཐུས་འདེམས་བསྐོ་བྱས་ཚུལ་སོགས་གཙོས་པའི་སྐྱབས་བཅོལ་གྱི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་ཁག་ཡིན། 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “ལི་ཐང་ལོ་རྒྱུས་ཕྱོཊ་སྒྲིག

  1. མི་རེ་བཟུང་མི་ཚེ་ལོ་རྒྱུས་ལ་ལི་ཐང་གི་ལོ་རྒྱུས་རེད་ཟེར་མ་ལབ་རོགས་གནང།ང་ཚོས་ངོ་ཚ་གི་གི་འདུག།
    སྐུ་མཁྱེན