ཞི་བདེ་ལྷན་ཚོཊ་ཕྱིར་བསྡུ།

ཐེངས་འདིར་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་དེར་བློ་ཕམ་ཡོད་མོད། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྟེང་དོ་སྣང་བྱུང་སྟེ། བོད་དོན་དྲིལ་བསྒྲགས་ཤུགས་ཆེན་བྱུང་ཡོད་སྟབས། དགའ་བསུ་ཞུ་དགོས་པ་ཞིག་ཀྱང་ཆགས་ཡོད་ཟེར།

 

ཉེ་ཆར་སྤྱི་ཟླ་ ༣ ཚེས་ ༢༧ ཉིན་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ས་པེ་རེ་ཀྲོ་རི་ཡའི་ནང་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཤིག་གོ་སྒྲིག་བྱས་ཡོད་པ་དང༌། ཚོགས་འདུ་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་གདན་ཞུ་གནང་ཡོད་པ་བཞིན། ༧གོང་ས་མཆོག་ཀྱང་གདན་ཞུ་གནང་ཡོད་མོད། རྒྱ་གཞུང་གིས་ཐེངས་འདིར་ལྷན་ཚོགས་དེར་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་༧ཏཱ་ལའི་བླ་མར་ཐོངས་མཆན་སྤྲད་པ་ཡིན་ན། གཞུང་གཉིས་བར་གྱི་འབྲེལ་ལམ་ལ་གནོད་སྐྱོན་ཕོག་རྒྱུའི་ཉེན་བརྡ་བཏང་ཡོད་སྟབས། ལྡི་ལིར་ཡོད་པའི་ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཀྱིས་ཐེངས་འདིར་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པ་རེད། གནད་དོན་འདིའི་ཐད་ ༡༩༨༤ ལོར་འཛམ་གླིང་ནོ་ཝེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཡེ་ཤེས་བླ་ཆེན་ཁྲུའུ་ཁྲུའུ་དང༌། ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་ཨེ་ཕ་ཌེ་ལི་ཌི་ཀ་རྣམ་གཉིས་ཀྱིས་ཟླ་ ༣ ཚེས་ ༢༣ ཉིན་ལྷན་ཚོགས་དེར་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་བྱས་ཤིང༌། ༡༩༩༣ ལོར་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་ཡུལ་དེའི་སྲིད་འཛིན་ཟུར་པ་ནེལ་སེན་མེན་ཌལ་ལཱའང་ཚོགས་ཞུགས་གནང་མིན་བསྐྱར་དུ་བསམ་བློ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད། དེ་བཞིན། ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཀྱང༌། གནད་དོན་འདིར་ལྷོ་ཨ་ཧྥི་རི་ཀའི་གཞུང་ནས་བསྐྱར་དུ་བསམ་ཞིབ་མ་བྱས་ཚེ། ལྷན་ཚོགས་དེར་མཉམ་ཞུགས་གནང་རྒྱུ་མིན་ཚུལ་བརྗོད་ཡོད།

 

ཕྱི་ཚེས་ ༢༥ ཉིན་ལྷོ་ཨ་ཧྥི་རི་ཀའི་གཞུང་ཕྱོགས་ཀྱི་གསལ་བསྒྲགས་ནང༌། སྤྱི་ལོ་ ༡༩༩༦ ལོ་དང་ ༢༠༠༤ ལོའི་ནང་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཐེངས་གཉིས་ལ་ཆིབས་བསྒྱུར་གྱི་ཐོངས་མཆན་སྤྲད་ཡོད་ཚུལ་དང༌། ཐེངས་འདིར་ལྷོ་ཨ་ཧྥི་རི་ཀ་དང་རྒྱ་གཞུང་གཉིས་ཀྱི་དུས་ཡུན་རིང་པོའི་འབྲེལ་བར་དོ་ཕོག་མི་ཡོང་ཆེད་ཡིན་ཚུལ་བཀོད་ཡོད། གནད་དོན་དེའི་ཐད་ལྷོ་ཨ་ཧྥི་རི་ཀའི་འཕྲོད་བསྟེན་བློན་ཆེན་བྷར་བྷར་ཧོ་གྷན་གྱིས། ཐེངས་འདིར་གཞུང་ངོས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་༧གོང་ས་ཏཱ་ལའི་བླ་མར་ཐོངས་མཆན་མ་སྤྲད་པ་དེ་གཞུང་ངོས་ནས་དགོངས་སེལ་ཞུ་དགོས་ཚུལ་བརྗོད་ཡོད་སྟབས། གཞུང་འཛིན་པ་ཚོས་ཁོང་ལ་སྐྱོན་བརྗོད་ཀྱང་བྱས་ཡོད། དེ་བཞིན། ཡུལ་དེའི་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་འཛམ་གླིང་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་ཚོས། ལྷོ་ཨ་ཧྥི་རི་ཀ་གཞུང་གིས་ཐེངས་འདིར་༧ཏཱ་ལའི་བླ་མར་ཐོངས་མཆན་མ་སྤྲད་པ་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ནར་དམིགས་པའི་ཐག་གཅོད་ཞིག་ཡིན་ཚུལ་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེན་བྱུང་སྟབས། ཕྱི་ཚེས་ ༢༧ ཉིན་འཚོགས་རྒྱུ་བྱས་ཡོད་པའི་ལྷན་ཚོགས་དེ་ཕྱིར་འཐེན་བྱ་དགོས་བྱུང་ཡོད།

 

གནས་ཚུལ་འདིའི་ཐད་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ༧གོང་ས་མཆོག་གིས་དུས་ནམ་ཡིན་ཡང་འཛམ་གླིང་ཞི་བདེ་དང༌། ཆོས་ལུགས་བར་གྱི་མཐུན་སྒྲིལ། བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་སོགས་ཕྱོགས་གསུམ་གྱི་ཐོག་ཕྱག་ལས་གནང་གིན་ཡོད་པ་རེད། ཐེངས་འདིའི་ཚོགས་དེ་འཛམ་གླིང་ནང་ཞི་བདེ་ཡོང་ཐབས་དང་འཕེལ་རྒྱས་གཏོང་ཕྱོགས་ཐད་ཀྱི་ཚོགས་འདུ་ཞིག་ཡིན་པ་དང༌། ང་ཚོ་མི་རེ་རེར་འདིའི་ཐད་འོས་འགན་ཡོད་པ་བཞིན། རྒྱ་གཞུང་གིས་ཀྱང་ཞི་བདེར་རྒྱབ་སྐྱོར་གནང་དགོས་པ་ཞིག་རེད། ཡིན་ནའང༌། རྒྱ་གཞུང་གིས། དུས་ནམ་ཡིན་ཡང་རྒྱལ་སྤྱིའི་སྡིངས་ཆར་༧གོང་ས་མཆོག་གིས་བཀའ་མོལ་གནང་རྒྱུར་བཀག་འགོག་བྱེད་ཀྱིན་ཡོད་པ་ལྟར། ཐེངས་འདིར་ལྷོ་ཨ་ཧྥི་རི་ཀའི་གཞུང་ལ་གནོན་ཤུགས་སྤྲད་དེ་ཐོངས་མཆན་མ་སྤྲད་པ་དེར་ང་ཚོ་ཧ་ཅང་བློ་ཕམ་སྐྱེས་ཡོད། འོན་ཀྱང༌། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་ཕྱིར་འཐེན་བྱས་པའི་ཐད། མི་སྣ་མིང་གྲགས་ཅན་མང་པོས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་སྟབས། ང་ཚོའི་འཐབ་རྩོད་དེ་དྲང་བདེན་དང་འཚེ་བ་མེད་པའི་འཐབ་རྩོད་ཞིག་ཡིན་པ་ངོས་ཟིན་གསལ་བོ་བྱུང་བ་དེར། ང་ཚོས་དགའ་བསུ་ཞུ་དགོས་པ་ཞིག་ཀྱང་རེད། ཅེས་བརྗོད་སོང༌། གནད་དོན་དེའི་ཐད་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། འཛམ་གླིང་གི་ཕྱི་བདེ་ལ་དགའ་ཞིང་། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཡོངས་ཀྱིས་ལྷོ་ཨ་ཧྥི་རི་ཀའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply