སྤྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བོད་རྒྱའི་གནད་དོན་ལ་ཏན་ཏན་འགྱུར་བ་ཆེན་པོ་ཞིག་འགྲོ་བ་རེད་ལ། ༧གོང་ས་མཆོག་དགུང་ལོ་ ༨༡ ལ་ཕེབས་ཀྱིན་ཡོད་སྟབས། བཀའ་བློན་ཁྲི་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། སྐབས་དེར་བཀའ་བློན་ཁྲི་པའི་རྐུབ་སྟེགས་སྟེང་མི་ཐབས་ཆག་ཅིག་བྱུང་སྟེ། ཕན་ཚུན་ལ་ལས་གདའ་དང་བློ་འགྱོད་བྱས་ན་འཕྱི་དྲགས་པ་རེད་ཟེར།
ཁེ་ན་ཌར་གནས་བཞུགས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས། སྔར་ལོའི་སྤྱི་ཟླ་ ༡༠ ནས་མགོ་འཛུགས་ཀྱིས་སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་འཚོལ་བའི་ལས་འགུལ་ཞིག་སྤེལ་གྱིན་ཡོད་པ་དང༌། ཉེ་ཆར་བཞུགས་སྒར་དུ་ཕེབས་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཁོང་ལ་བཀའ་བློན་ཁྲི་པའི་འོས་མི་འཚོལ་བའི་ལས་འགུལ་གྱི་གནས་སྟངས་དང༌། ད་བར་བཀའ་བློན་ཁྲི་པའི་འོས་མི་ཅི་ཙམ་བྱུང་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། ངས་ཐོག་མར་ལས་གཞི་མདི་མགོ་འཛུགས་སྐབས། མང་པོ་ཞིག་གིས་ཡག་པོ་འདུག ཅེས་བསྟོད་བསྔགས་བྱས་ཡོད་ཀྱང༌། ད་བར་ང་ལ་མི་གཅིག་ཀྱང་མཁོ་སྤྲོད་བྱེད་མཁན་མ་བྱུང༌། གཅིག་བྱས་ན་མི་དམངས་ཀྱིས་བརྩད་གཅོད་བྱས་ཀྱང༌། བོད་པའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་པར་འོས་པའི་མི་གཅིག་ཀྱང་མེད་སོང་བ་རེད། དེ་མིན་ན། བོད་པ་ཚང་མ་མི་ཉོབ་ཐོ་ཤ་སྟག་ཡིན་སྟབས། སྐད་ཆ་མང་པོ་བཤད་རྒྱུ་ལས་གོམ་པ་གཅིག་ཀྱང་མ་བརྒྱབས་པ་རེད། ང་ཐེངས་འདིར་ངྷ་རམ་ས་ལར་ཡོང་བར་དོན་དག་གཉིས་ཡོད། དང་པོ། སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དེ་གནད་འགག་ཅིག་ཏུ་མཐོང་གིན་ཡོད་དམ་མེད། ཅེས་མི་དམངས་ལ་དྲི་བ་དང་བསྐྱར་དུ་དྲན་གསོ་ཞིག་གཏོང་རྒྱུ་དང༌། གཉིས་པ། ལོ་སྔ་ཕྱིའི་ནང་༧གོང་ས་མཆོག་ལ་བརྟན་བཞུགས་ ༡༥ ཙམ་ཕུལ་ཡོད་ཚོད་འདུག དེ་ཡག་པོ་རེད། འོན་ཀྱང༌། བརྟན་བཞུགས་ངོ་མ་དེ་གང་རེད་ཟེར་ན། ཁོང་གི་ཕྲག་ཏུ་རྡོག་ཁྲེས་ཆེན་པོ་ཞིག་བསྣམས་ཡོད་པ་དེ་ཡང་དུ་གཏོང་ཨེ་ཐུབ་བལྟ་དགོས་པ་རེད། རྡོག་ཁྲེས་དེ་ཇེ་ཡང་དུ་གཏོང་ཐུབ་མཁན་བཀའ་བློན་ཁྲི་པ་ཁོ་ན་ཡིན། ༧རྒྱལ་བ་རིན་པོ་ཆེའི་ལག་འོག་ཏུ་བཀའ་ཁྲི་ནུས་འཇོན་ཅན་ཞིག་ཡོད་ན། ཁོང་གི་ཐུགས་ཇེ་ལྷོད་དང་འགན་ཇེ་ཡང་དུ་འགྲོ་བ་རེད། རྒྱལ་བའི་སྐུ་ཚེ་བརྟན་པར་རེ་བ་ཆེ་ཙམ་ཡོད། དེ་ནི་༧རྒྱལ་བ་རིན་པོ་ཆེའི་བརྟན་བཞུགས་ངོ་མ་དེ་རེད། ཞེ་ས་མ་བརྒྱབས་ན། ད་ལྟའི་ཆར་༧གོང་ས་མཆོག་རྙིང་རྗེ་བོ་རེད། དགོང་ལོ་མཐོ་རུ་མཐོ་རུ་ཕྱིན་ཡང༌། འགན་འཁྲི་ལྕི་རུ་ལྕི་རུ་འགྲོ་བཞིན་འདུག དགོང་ལོ་ ༡༦ ནས་ ༧༤ བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་སྐུ་ངལ་བསྐྱོན་པ་རེད། ད་ནི་༧རྒྱལ་བ་རིན་པོ་ཆེ་ལ་བརྩེ་བ་དང་གུས་ཞབས་ཡོད་ན། ཁོང་གི་ཐུགས་སེམས་ལྷོད་པོར་བཞུགས་རྒྱུར་ཐབས་ཤེས་བྱ་དགོས།
ད་ལྟའི་ང་ཚོའི་བཅའ་ཁྲིམས་ནང་བཀའ་བློན་ཁྲི་པར་མི་གསར་བ་སླེབས་རྒྱུའི་གོ་སྐབས་ཡོད་པ་མ་རེད། གང་ཡིན་ཟེར་ན། ཟླ་བ་བཞི་ལྔའི་ནང་དུ་མ་གཏོགས་བཀའ་བློན་ཁྲི་པ་འོས་བསྡུའི་གསལ་བསྒྲགས་གཏོང་གིན་མེད། དེ་འདྲ་ཞིག་གི་ནང་དུ་མི་གསར་བ་ཞིག་དང་ཡག་པོ་ཞིག་བཙལ་རྒྱུའི་གོ་སྐབས་མེད། མི་རྙིང་པ་ཡག་པོ་མི་འདུག་ཟེར་གྱིན་མེད་མོད། ཐེངས་འདིར་ང་ཚོར་མི་གསར་རྙིང་གཉིས་ཀ་ཡོད་པའི་གདམ་ཀ་ཞིག་དགོས་པ་རེད། ནམ་རྒྱུན་གཞུང་གིས་འདི་བྱས་མ་སོང༌། འཆར་གཞི་འདི་འགྲིག་མ་སོང་ཟེར་མཁན་ཚོ་དང༌། རྒྱ་བོད་ཞི་འགྲིག་དང་བོད་མིའི་ཤེས་ཡོན། གཞིས་ཆགས་བསྐྱར་གསོའི་ཐད་ང་ལ་འཆར་གཞི་འདི་ཡོད་ཟེར་མཁན་ཚོ་ད་ཐེངས་མདུན་དུ་སླེབས་དགོས་པ་རེད། ངས་མི་འཇོན། ངས་མི་ཤེས། ང་མི་དམངས་ཀྱི་བསྐོས་སོང་བ་རེད་ཟེར་མཁན་ཞིག་གིས་ང་ཚོར་ཕན་ཐོགས་ཡོད་པ་མ་རེད། ད་ལྟ་འགུལ་དཀྱོག་རྒྱག་རྒྱུའི་དུས་ཚོད་ཡོད་སྟབས། དུས་ཚོད་དམ་འཛིན་བྱ་དགོས། བློ་རིག་བསྒྲིམ་དགོས། ང་ཚོའི་སྤྱི་ཚོགས་ནང་ཁྱོན་ནས་མེད་སོང་ན་མ་གཏོགས། སྤྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བོད་རྒྱའི་གནད་དོན་ལ་ཏན་ཏན་འགྱུར་བ་ཆེན་པོ་ཞིག་འགྲོ་བ་རེད་སྙམ་ལ། ༧གོང་ས་མཆོག་དགུང་ལོ་ ༨༡ ལ་ཕེབས་པའི་བར་འཁེལ་ཡོད་སྟབས། བཀའ་བློན་ཁྲི་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། སྐབས་དེར་བཀའ་བློན་ཁྲི་པའི་རྐུབ་སྟེགས་སྟེང་མི་ཐབས་ཆག་ཅིག་སླེབས་ཏེ། ཕན་ཚུན་ལ་ལས་གདའ་དང་བློ་འགྱོད་བྱས་ན་ཕྱི་དྲགས་པ་རེད། ཅེས་བརྗོད་བྱུང༌།
མི་སུ་ཞིག་གིས་བཀའ་བློན་ཁྲི་པའི་འོས་མི་ཞིག་འདོན་སྤྲོད་བྱ་འདོད་ན། འོས་མི་དེ་ལ་རང་ལོ་ ༡༨ ལོན་པའི་བོད་མི་ཉེར་ལྔའི་རྒྱབ་སྐྱོར་དང༌། ས་གནས་བོད་མིའི་བདེ་དོན་གྱིས་རྒྱབ་གཉེར། འོས་མིའི་དཔར་གཅིག་དང་ལོ་རྒྱུས་སྙིང་བསྡུས་བཅས་ཐུབ་བསྟན་བསམ་འགྲུབ་ལགས་སུ་མཁོ་སྤྲོད་བྱས་ན། བོད་རྒྱ་དབྱིན་གསུམ་ཐོག་ཡོད་པའི་བཀའ་བློན་ཁྲི་པའི་དྲ་ཚིགས་ www.kalontripa.org སྟེང་སྤེལ་ཏེ། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དྲི་བ་འདོན་པ་དང༌། རྒྱ་ཆེའི་མི་དམངས་ཀྱིས་བགྲོ་གླེང་བྱེད་པ་སོགས་ཀྱི་སྡིངས་ཆ་བསྐྲུན་རྒྱུ་ཡིན་འདུག འོས་བསྡུ་ལས་ཁང་གིས་བཀའ་བློན་ཁྲི་པའི་འོས་ཆོས་ཆ་རྐྱེན་བཏོན་པའི་ནང༌། བོད་ཀྱི་ཡུལ་མི་ཡིན་པ། རང་ལོ་ ༣༥ ཧྲིལ་བོ་ལོན་པ། ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་ངོས་འཛིན་བྱས་པ་མིན་པ། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མིན་པ། ཁྲིམས་ཁང་ནས་ནག་ཉེས་ར་སྤྲོད་བྱས་རིགས་མིན་པ། སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཀྱིས་དགག་བྱ་བྱས་པ་མིན་པ། ཡུན་ཚད་གཉིས་ལ་བསྟུད་མར་བཀའ་ཁྲིའི་ལས་འཁུར་བཞེས་མུས་མིན་པ། སྔར་བཀའ་ཁྲི་ནས་འཕོ་འགྱུར་བྱ་དགོས་བྱུང་རིགས་མིན་པ། བོད་མིའི་ཁེ་ཕན་ལ་གནོད་པའི་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལེན་མཁན་མིན་པ་བཅས་དོན་ཚན་དགུ་བཏོན་འདུག
ང་ཚོས་རྗེས་མའི་བཀའ་ཁྲི་དེ་ངེས་པར་དུ་བོད་རྒྱའི་གནད་དོན་ཤེས་མཁན་དང་སྒྲུབ་ཐུབ་མཁན་ཞིག་ལས་བསམ་སྟོང་ལྟ་བུའི་བོད་རྒྱའི་གནད་དོན་ལ་རྨོངས་ཤིང༌། རྒྱ་ནག་ལ་ནི་དེ་བས་རྨོང་བའི་མི་དག་མི་འདེམས་པར་བོད་འབངས་ཡོངས་ཀྱིས་འབད་བརྩོན་བྱ་དགོས་གལ།
སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བཀའ་བློན་ཁྲི་པའི་འོས་མི་འཚོལ་པའི་ལས་འགུལ་འདི་ལ་་སྤྱིར་བོད་མི་ཡོངས་དང་ཁྱད་པར་དུ་ཤེས་ཡོན་པ་དང་སྨྱུག་ཐོག་པ་རྣམས་ཀྱིས་ལས་འགུལ་འདིའི་ཆ་ཤས་ལེན་དགོས་པ་གལ་ཆེན་པོ་རེད།ཤེས་ཡོན་པ་དང་་བསམ་བློ་བ་སྨྱུག་ཐོག་པ་རྣམས་ཀྱི་བློ་གཟུ་བོར་གནས་སྟེ་ལས་འགུལ་འདིའི་འགན་བཞེས་དགོས་པ་གལ་འགངས་ཆེ་ཤོས་ཞིག་རེད།ད་རེས་ཁྱེད་རྣམས་ཀྱིས་ང་ཚོའི་མི་དམངས་རྣམས་གཡོ་ཅན་གྱི་སྐུ་དྲག་ཚོའི་སླུ་བྲིད་དང་གཡོ་འོག་ཏུ་ཚུད་བཅུགས་མི་ཉན།ཁྱེད་ཚོས་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་ཕྱོགས་ལྷུང་བྲལ་བའི་མི་ཞིག་འདམ་སྟེ་སྤྱི་ཚོགས་ཀྱི་ཁྲོད་དུ་རླུང་འཕྲིན་དང་ཚགས་པར་བརྒྱུད་ལམ་ནས་མི་དམངས་ལ་ལམ་སྟོན་བཟང་པོ་ཞིག་བྱེད་རྒུ་ཁྱེད་ཚོས་ཐུགས་ལ་འཛིན་རོགས།
སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་ལྷན་དུ་ཁོང་གི་བསམ་འཆར་དེ་ནི་ཆེས་དགོས་ངེས་ཤིག་ཏུ་མཐོང་བས་བཙན་བྱོལ་བོད་པས་དོ་སྣང་བྱེད་པར་ཞུ་ཞུ།