བོད་དོན་གྲོས་ཆོད།

ཨ་རིའི་མངའ་སྡེ་ཞིག་གི་གྲོས་ཚོགས་ཀྱིས་བོད་དོན་ལ་གྲོས་ཆོད་ཅིག་བཞག་ཡོད་པ་དང༌། དེར་སྲིད་འཛིན་ཨོ་བྷ་མཱ་དང༌། ཨ་རིའི་དབུས་གྲོས་ཚོགས་གཉིས་ཀྱིས་བོད་དོན་ལ་སྲིད་ཀྱི་ཐད་ནས་དོ་སྣང་བྱ་དགོས་པ། དེ་བཞིན་རྒྱ་ནག་གིས་ཧི་མ་ལ་ཡའི་རི་རྒྱུད་ལ་དྲག་གནོན་བྱེད་པ་མཚམས་འཇོག་དགོས་བའི་འབོད་སྐུལ་ཞུས་འདུག

 

ཨ་རིའི་མངའ་སྡེ་ཝིར་མོན་ཊ་གྲོས་ཚོགས་གྱིས་བདུན་ཕྲག་སྔོན་མའི་ནང་དུ་བོད་ཀྱི་གནད་དོན་ཐད་གྲོས་ཆོད་ཅིག་བཞག་ཡོད་འདུག་ལ། གྲོས་ཆོད་དེའི་ནང་བོད་མི་ཚོ་དུས་ཡུན་རིང་པོར་ཉེན་ཁའི་གནས་སུ་གྱར་ཡོད་པ་དེར་ཨ་རིའི་གྲོས་ཚོགས་འཐུས་མི་དང༌། རྒྱལ་སྤྱིའི་མི་མང་གིས་དོ་སྣང་དང་འགན་ལེན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་ནག་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བློ་གཟི་བོའི་ཐོག་འབྲེལ་མོལ་གནང་སྟེ། བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་དགོས་པར་རེ་འདུན་འདོན་དགོས། ཞེས་སྲིད་འཛིན་ཨོ་བྷ་མཱ་ལ་འབོད་སྐུལ་ཡང་ཞུས་ཡོད་འདུག

 

ཐེངས་འདིའི་གྲོས་ཆོད་དེར། བོད་མི་རིགས་ནི་དུས་རབས་མང་པོར་ཞི་བདེ་ངང་འཚོ་བ་སྐྱེལ་གྱིན་ཡོད་ཀྱང༌། རྒྱ་ནག་གཞུང་གི་དམག་མིས་ཁྲིམས་འགལ་ཐོག ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཞི་བདེ་ལྷིང་འཇགས་མེད་པར་བཟོས་པ་དང༌། རིག་གནས་རྒྱུད་འཛིན་དང་ཆོས་ལུགས་དད་མོས་རང་དབང་སོགས་མེད་པར་བཟོས་ཡོད་སྟབས། ད་ལྟའི་ཆར་བོད་མི་ཚོར་ཐུན་མོང་མ་ཡིན་པའི་རིག་གནས་གོམས་སྲོལ་རྒྱུད་འཛིན་བྱ་རྒྱུའི་ཁོར་ཡུག་མེད་ལ། བོད་ཀྱི་ཐུན་མིན་རིག་གནས་མུ་མཐུད་དར་སྤེལ་གཏོང་ཐུབ་མིན་ཡང་ཚོད་དཔག་བྱ་དཀའ་བའི་གནས་སུ་གྱུར་ཡོད། ཅེས་འཁོད་ཡོད་འདུག

 

 

དེ་བཞིན། སྔར་ལོའི་བོད་ནང་གི་དོན་རྐྱེན་སྐབས། གཞིས་ལུས་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་འཛིན་བཟུང་དང་བོར་བརླག བཙོན་ཁང་དུ་ཚུད་པ་སོགས་ཀྱི་གནས་སྟངས་གསལ་བཤད་ཀྱང་བྱས་ཡོད་འདུག ཝིར་མོན་ཊ་མངའ་སྡེ་གྲོས་ཚོགས་ཀྱིས་སྔར་ལོའི་གསུམ་བཅུའི་དུས་དྲན་རྗེས། འཛམ་གླིང་གི་ས་ཕྱོགས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཁྲོད་ཆ་ཤས་ལེན་མཁན་རྒྱལ་སྤྱིའི་མི་མང་ཚང་མར་རྒྱབ་སྐྱོར་ཡོད་པ་དང༌། ལྷག་པར་དུ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་སྐོར་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply