རྒྱ་ནག་གི་གླ་ཡོད་གསལ་བསྒྲགས་ཚགས་པར།

ལྷོ་ཨ་ཧྥི་རི་ཀའི་ཉིན་རེའི་ཚགས་པར་ཞིག་གི་ཤོག་ངོས་ ༡༢ ཡོད་པ་ཧྲིལ་བོར། ཡུལ་དེའི་རྒྱ་ནག་དོན་གཅོད་ཁང་གིས་གླ་ཡོད་གསལ་བསྒྲགས་ལྟར། དངུལ་སྤྲད་དེ་བོད་པའི་སྤྱི་ཚོགས་རྙིང་བར་སྐྱོན་བརྗོད་དང༌། བོད་ཞི་བའི་བཅིངས་གྲོལ། དམངས་གཙོ་བཅོས་བསྒྱུར། དེ་བཞིན་ལོ་ངོ་ ༥༠ རིང་གི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བདེ་སྐྱིད་ཡོད་སྐོར་གྱི་རྩོམ་ཡིག་དང་པར་རིས་བཀོད་ཡོད་འདུག

 

ཚེས་ ཉིན་ཨ་རིའི་རང་དབང་གི་རྩོམ་པ་པོ་ཇོན་ཌ་ཧྥེལ་ཞུ་བ་ཡིས། ལྷོ་ཨ་ཧྥི་རི་ཀའི་མཱ་ལཱ་ཝེ་མངའ་སྡེ་ཡི་ཉིན་རེ་གསར་ཤོག་དེའི་ཕྱི་ཚེས་ ཉིན་གྱི་ཤོག་ངོས་ ༡༢ ཧྲིལ་བོར། ལོ་ངོ་ ༥༠ རིང་གི་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་ཞེས་པའི་རྩོམ་ཡིག་དང་པར་རིས་ཀྱིས་ཁེངས་ཡོད་པ་དང༌། ཚགས་པར་ཧྲིལ་བོའི་བརྗོད་སྙིང་དང་ཇུས་འགོད་སོགས་ཚགས་ཚུད་ཡོད་པ་མཐོང་མ་ཐག ཁོང་གིས་ཚགས་པར་དེའི་རྩོམ་སྒྲིག་ཁང་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ། གནས་ཚུལ་བརྩད་གཅོད་བྱས་ཡོད་སྟབས། ཉིན་དེར་ཚགས་པར་དེའི་ཤོག་ངོས་ ༡༢ ཡོད་པ་ཚང་མ་ཡུལ་དེ་གའི་རྒྱ་ནག་དོན་གཅོད་ཁང་གིས་དངུལ་སྤྲད་དེ། གླ་ཡོད་གསལ་བསྒྲགས་དང་མཚུངས་པར་བོད་ཀྱི་སྤྱི་ཚོགས་རྙིང་བའི་སྐོར་གྱི་དྲིལ་བསྒྲགས་རྩོམ་ཡིག་བཀོད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས། ཉིན་རེའི་ཚགས་པར་དེའི་དཔར་སློག་གཅིག་ཨ་རིའི་ཝ་ཤིན་ཊོན་གྱི་ཕྱི་རྒྱལ་སྲིད་དོན་རྩོམ་རིག་གསར་ཁང་གི་ཟིན་བྲིས་སུ་བཀོད་ཡོད་འདུག

 

ཟིན་བྲིས་དེ་ཀློག་མཁན་དག་གིས་དཔྱད་གཏམ་སྤེལ་དོན། རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྲིད་བྱུས་དེ་རྒྱལ་མཚམས་བརྒལ་ནས་སླེབས་ཏེ། ཐེངས་འདིར་ལྷོ་ཨ་ཧྥི་རི་ཀའི་མངའ་སྡེ་ཞིག་གི་ཉིན་རེའི་ཚགས་པར་བེད་སྤྱོད་བཏང་ནས་དྲིལ་བསྒྲགས་བྱས་སོང༌། ཡིན་ན་ཡང་ང་ཚོས་ཚོད་དཔག་བྱ་དཀའ་བ་ཞིག་ནི། ལྷོ་ཨ་ཧྥི་རི་ཀའི་མངའ་སྡེ་དེས་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་བོད་དོན་ལ་དོ་སྣང་བྱས་པ་དང༌། ཡང་ན་རྒྱ་ནག་གིས་ཅིའི་ཕྱིར་མངའ་སྡེ་དེ་རུ་བོད་དོན་དྲིལ་བསྒྲགས་གལ་ཆེན་དུ་བཟུང་བ་རེད་དམ། ཞེས་པའི་གནད་དོན་འདི་རེད། ཅེས་དྲི་བ་བཏང་ཡོད་འདུག  

 

ཚགས་པར་དེའི་ཤོག་ངོས་དང་བོའི་མགོར་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་དང༌། དེའི་འཁྲིས་སུ་ཡིག་འབྲུ་དམར་པོས། ལོ་ངོ་ ༥༠ རིང་གི་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་ཞེས་བྲིས་འདུག་ལ། ཚགས་པར་ཧྲིལ་བོར་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་ཁག་གཙིགས་སུ་བཟུང་སྟེ་བཀོད་ཡོད་པ་དང༌། སྤྱི་ལོ་ ༡༩༥༩ ལོའི་སྔོན་གྱི་བོད་མིའི་སྤྱི་ཚོགས་རྙིང་བར་སྐྱོན་བརྗོད་ཀྱི་དཔྱད་བརྗོད་རྩོམ་ཡིག་དང༌། སྐབས་དེའི་བོད་པའི་བྲན་གཡོག་ཚོས་ཞིང་བྲན་བདག་པོ་དང་མགོ་དཔོན་དག་ལ་སྐུ་གཡོག་ཞབས་ཞུ་སྒྲུབ་སྟངས་ཀྱི་པར་རིས་བཀོད་ཡོད་པ་མ་ཟད།

 

རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱས་པ་མིན་པར། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཚོས་་བོད་ལྗོངས་ཞི་བའི་བཅིངས་གྲོལ་གཏོང་བར་རྒྱ་ནག་དང་མོས་མཐུན་གྱི་ཆིངས་ཡིག་དོན་ཚན་ ༡༧ ལ་མཚན་རྟགས་འཁོད་ཚུལ།  ༡༩༥༩ ལོར་རྒྱ་ནག་གིས་བོད་ལྗོངས་སུ་ཞི་བའི་སྒོ་ནས་དམངས་གཙོ་བཅོས་བསྒྱུར་བྱས་སྟབས། བོད་མི་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཚུལ་དང་མི་མང་གི་གྲལ་རིམ་ལ་འགྱུར་བ་སོང་པ། བོད་ནང་གི་བོད་མི་ཚོས་ད་ལྟའི་རྒྱ་ནག་གི་བཀའ་དྲིན་ལ་བརྟེན་ནས་ཞི་བདེ་ལྷིང་འཇགས་དང༌། རང་དབང་རང་བདག་གི་འཚོ་བ་རོལ་གྱིན་ཡོད་པ། ༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱིན་ཡོད་པ། སྔར་ལོར་བྱུང་བའི་ཞི་རྒོལ་སྐབས། བོད་མི་ཚོས་དྲག་གཅོད་ཀྱི་ལས་འགུལ་སྤེལ་ཚུལ་སོགས་པར་རིས་དང་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་འདུག

 

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply to གངས་བུ། Cancel Reply

11 thoughts on “རྒྱ་ནག་གི་གླ་ཡོད་གསལ་བསྒྲགས་ཚགས་པར།

  1. དགེ་བོ་བཀྲ་ཁོ

    གོང་ན་རྒྱ་རྒན་ཚོས་འདི་འདྲ་སྤེལ་དུས་དྲ་གྲོགས་ཚོའི་སེམས་ཚོར་ཅི་འདྲ་འདུག ། ངས་བསམ་པར་འདི་འདྲ་ཞིག་གིས་ང་ཚོ་ལ་དུས་ནམ་ཡང་ཕམ་ཁ་འབྱུང་མི་སྲིད །
    གོང་གི་པར་འདི་མོ་ཞིག་ལ་མི་སུ་ཞིག་ཡིད་ཆེས་ནས་བདེན་དབང་དུ་འཇོག་རྒྱུ་རེད ། གལ་སྲིད་འདི་འདྲ་ཞིག་གིས་འཛམ་གླིང་མི་མང་གི་སེམས་ཁམས་བསྒྱུར་ཐུབ་ན་ང་ཚོ་ལའང་༡༩༤༠སྔོན་གྱི་རྒྱ་ནག་མི་མང་གི་འཚོ་བའི་སྐྱིད་སྡུག་གི་པར་རིས་མང་པོ་སྟོན་རྒྱུ་ཡོད་མོད།

  2. དགེ་བོ་བཀྲ་ཁོ

    སྤྱིར་བོད་ཀྱི་དུས་བབ་འདི་ཀློག་མཁན་བོད་རིགས་ཤ་སྟག་ཡིན་ཡིན་པས་འུ་ཚུགས་བཙན་གྱིས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་བེད་སྤྱོད་མ་བཏང་ན་ཡག་ཤས་ཆེ ། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་བོད་ཡིག་སྤྱོད་པའི་ཆ་རྐྱེན་ལྡན་པས་ཚང་མས་བོད་ཡིག་ཐོག་ནས་སྤེལ་རོགས་གནང་ཞེས་ངས་འདི་ནས་འབོད་སྐུལ་ཞུ་བཞིན་ཡོད། བོད་ཡིག་མི་ཤེས་བའམ་རྟགས་མི་ཤེས་ན་རང་ཉིད་ལན་པ་ལས་ཁག་འཇོག་ས་གཞན་མེད།

  3. གངས་རིའི་གླིང་བུ།

    སེམས་སྟེང་ནས་འཐད་པ་ཡིན། སྐད་ཆ་ཡོད་ན་ཁ་ཐུག་ལ་ལབ་བ་སྟག་ཤ་རའི་གཟི་བརྗིད་རེད།