ཉེ་ལམ་ང་རང་བོད་རིག་པའི་མཁས་དབང་སྐུ་ཞབས་མཁར་རྨེ་བསམ་གཏན་ལགས་ལ་མཇལ་བའི་གོ་སྐབས་བྱུང་ཞིང་། སྐབས་དེར་ཁོང་ལ་ད་ལྟའི་བོད་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་ཐད་དགོངས་ཚུལ་ཅི་ཡོད་འདྲི་རྒྱུའི་གོ་སྐབས་བྱུང་ལ། སྐབས་དེའི་དྲི་བ་དྲི་ལན་ཁག་ཅིག་གཤམ་དུ་བཀོད་ཡོད།
དྲི་བ། སྐུ་ཉིད་ནི་ཡུ་རོབ་ལ་ཕེབས་པའི་བོད་པ་ཐོག་མའི་གྲས་རེད་ཅེས་གོ་མྱོང་། སྐབས་དེ་དུས་ཀྱི་རེ་བ་དེ་གང་འདྲ་ཞིག་ཡིན་ནམ།
ལན། དང་པོ་ང་ཚོའི་དམིགས་ཡུལ་ནི་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནས་སྟངས་འཛམ་གླིང་ལ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན། ༡༩༥༩ ལོའི་སྔོན་ཏེ་ང་ཚོ་འདིར་མ་ཡོང་བའི་སྔོན་ལ་བོད་ཅེས་པ་དེ་ལུང་པ་གང་དུ་ཡོད་མེད་ཁྱོན་ནས་ཧ་གོ་གི་ཡོད་པ་མ་རེད། དེར་བརྟེན་ང་ཚོ་འདིར་ཡོང་དོན་ནི་ང་ཚོ་སུ་རེད། ས་ཆ་གང་ནས་ཡོང་བ་ཡིན། བོད་ཀྱི་ཤེས་རིག་དེ་ཅི་རེད། འདི་དག་ཕྱིའི་མི་རིགས་ལ་འགྲེལ་བཤད་རྒྱག་རྒྱུ་དེ་འདྲ་ཞིག་ཡིན། འདི་ང་ཚོའི་ཐོག་མའི་དམིགས་ཡུལ་འདྲ་བོ་ཡིན། དེ་དུས་ཡུ་རོབ་གླིང་གི་མཐོ་རིམ་སློབ་གྲྭ་སོ་སོས་ང་ཚོའི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་གི་ཡིན་ཅེས་ང་ཚོ་ཐོག་མར་སྐད་བཏང་བ་རེད། དེ་ལྟར་ང་ཚོ་འདིར་ཡོང་བ་རེད།
དྲི་བ། བོད་ཀྱི་གནད་དོན་འདི་ཕྱོགས་གཅིག་ནས་རྒྱལ་ཁབ་ཁག་གི་སྲིད་གཞུང་རིམ་པ་ནས་གླེང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ནི་སྐུ་ཉིད་ནས་གསུངས་པ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་རིམ་པ་ན་འགྲོ་གི་ཡོད་པ་རེད། ཡིན་ཡང་དེང་སྐབས་བོད་ཕྱི་ནང་གཉིས་ན་བོད་རིག་པ་ཅེས་པའི་སྡེ་ཚན་ཞིག་གི་འོག་ན་བོད་ཀྱི་གནད་དོན་འདི་གླེང་གི་ཡོད་པ་རེད། དེ་བྱས་དུས་འདིའི་ཁ་ཕྱོགས་དང་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་པ་རེད།
ལན། བོད་རིག་པའི་ཞིབ་འཇུག་ཅེས་པ་དེ་ད་སྐབས་ཕྱོགས་ཁག་མི་འདྲ་བ་གཉིས་ཆགས་པ་རེད། རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པའི་བོད་རིག་པ་མང་ཆེ་བ་དེ་ཚན་རིག་དང་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་ངོ་སྤྲོད་བྱེད་པའི་རིམ་པ་ཞིག་ལ་འགྲོ་གི་ཡོད་པ་རེད། རྒྱ་ནག་ནས་ཡོང་བཞིན་པའི་བོད་རིག་པའི་ཞིབ་འཇུག་ཟེར་བ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་སྒྲུབ་བྱེད་འཚོལ་གི་ཡོད་པ་རེད། ཁོ་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་པ་ལ་གཙོ་ཆེ་ཤོས་ཤིག་ནི་སྔ་མོའི་ལོ་རྒྱུས་དང་དེའི་རྗེས་ཀྱི་བོད་དང་རྒྱ་ནག་གཉིས་བར་འབྲེལ་བ་གང་བྱུང་བ་དེ་དག་སྟབས་གང་བདེའི་སྒོ་ནས་སྒྲིག་སྟེ་བོད་འདི་ཕར་རྒྱ་ནག་གི་འོག་ལ་ཕྱིན་སྟངས་དང་། དེའི་སྒྲུབ་བྱེད་གང་ཡིན་གསལ་བོ་བཟོ་གི་ཡོད་པ་རེད། ཡིན་ཡང་རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པའི་བོད་རིག་པའི་ཞིབ་འཇུག་བྱེད་མཁན་ཚོའི་དམིགས་ཡུལ་དེ་འདྲ་མ་རེད། བདེན་པའི་གནས་ཚུལ་གྱི་ཐོག་ནས་ཞིབ་འཇུག་བྱེད་པ་མ་གཏོགས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་མིན་གྱི་རྩོད་པའི་ཐོག་ལ་བསམ་འཆར་ཡོད་པ་མ་རེད། བྱས་ཙང་ཞིབ་འཇུག་བྱེད་སྟངས་ཀྱི་དམིགས་ཡུལ་རྦད་དེ་ཁ་ཁ་རེད། དེ་གཉིས་ཁ་ཕྱོགས་ལྡོག་ནས་འགྲོ་གི་ཡོད་པ་རེད།
དྲི་བ། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འགོར་བ་རེད། སྐུ་ཉིད་ནི་བོད་རྒྱ་ཞི་མོལ་ཞེས་པ་དེར་ཡིད་ཆེས་ཡོད་དམ།
ལན། ངའི་བསམ་པར་དབུ་མའི་ལམ་གྱི་ཐོག་ནས་འགྲོ་བ་དེ་སྐུ་མདུན་གྱིས་རྒྱ་ནག་གཞུང་ལ་ཐེངས་མང་པོར་ཞུས་པ་རེད། རྒྱལ་སྤྱིའི་སྲིད་དོན་གྱི་དཔོན་རིགས་ཁག་བརྒྱུད་ནས་ཀྱང་སྐད་ཆ་བཤད་པ་རེད། རྒྱ་ནག་གཞུང་ནས་ཁ་ཐུག་གི་ལན་གང་ཡོང་གི་ཡོད་པ་རེད་ཅེ་ན། འདི་རང་བཙན་ལེན་རྒྱུའི་དམིགས་ཡུལ་ཞིག་རེད་མ་གཏོགས་རང་སྐྱོང་བཤད་གིན་ཡོད་པ་མ་རེད་ཅེས་ལན་རྒྱག་གི་ཡོད་པ་རེད། དེ་བྱས་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་ནག་གཞུང་གཉིས་ཀྱི་བསམ་ཚུལ་མདུང་རྩེ་ཁ་སྤྲོད་ལྟ་བུ་ཆགས་བསྡད་ཡོད་པ་རེད། འགལ་ཟླ་ཆེན་པོ་རེད། ང་ཚོའི་དམིགས་ཡུལ་དེ་འགྲུབ་ཁག་པོ་མེད་འགྲོ་བསམ་གྱི་འདུག ཡིན་ཡང་ངའི་བསམ་པར་ཉི་མ་ཞིག་ལ་བོད་རང་བཙན་འཐོབ་པའི་རེ་བ་ཞེ་དྲག་ཡོད། གང་ཡིན་ཅེ་ན། ལོ་རྒྱུས་ཐོག་ནས་བལྟས་ན། རྒྱ་ནག་གི་ལོ་རྒྱུས་ཐོག་ནས་ཆབ་སྲིད་ཤུགས་ཆེ་ཤོས་ཤིག་ཐང་རྒྱལ་རབས་རེད། དེའི་རྗེས་ནས་མིན་རྒྱལ་རབས་རེད། དེ་ནས་སུང་དང་ཡོན། ཆིན་བཅས་ལོ་རྒྱུས་རིམ་པ་བཞིན་དུ་ཡོད་པ་རེད། རྟག་པར་དུ་སྡོོད་པ་ཞིག་ཡོད་པ་མ་རེད། འགྱུར་བ་འགྲོ་གི་རེད། དེ་ནང་བཞིན་ཉིན་ཞིག་ལ་འགྱུར་བ་ཞིག་ཡོང་གི་རེད། ད་ལྟ་རྒྱ་ནག་གིས་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་ཡོང་འཇུག་གི་ཡོད་པ་མ་རེད། བྱས་ཙང་རྒྱ་ནག་གི་མི་འབོར་འདི་འདྲའི་ཆེན་པོ་ཞིག་ལ་ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་བྱ་རྒྱུ་དེ་ཉི་མ་གཅིག་ལ་ཁག་པོ་ཆགས་གི་རེད། དཔེར་ན། ༡༩༨༨ ལོའི་སྔོན་ལ་ཨུ་རུ་སུའི་རྒྱལ་ཁབ་ལ་དེ་འདྲའི་དཀའ་ངལ་ཞིག་ཡོང་གི་རེད་ཅེ་ན་མི་སུ་ཞིག་གི་ཨམ་འཇོག་ནང་ལ་འགྲོ་གི་ཡོད་པ་མ་རེད། རྒྱལ་ཁབ་དེ་འདྲའི་སྟོབས་ཤུགས་ཆེན་པོ་ཞིག་ཉི་མ་གཅིག་ལ་རྦད་དེ་གས་ནས་ལུང་པ་མང་པོར་ཆགས་པ་རེད། འདི་རེ་བ་འདྲ་བོ་ཞིག་ཡིན། འདི་འདྲ་ཞིག་བརྒྱ་ཆ་བརྒྱ་ཐམ་པ་ཡོང་གི་རེད་དང་མ་རེད་ཅེ་ན་བཤད་ཁག་པོ་རེད་དེ། གལ་སྲིད་དེ་འདྲ་ཞིག་བསླེབས་པ་ཡིན་ན་ང་ཚོ་བོད་པ་ཚོས་དེ་ལ་དཔག་པའི་ལས་ཀ་བྱེད་པར་གྲ་སྒྲིག་ཡོད་པ་རེད་དམ་མ་རེད་ཅེ་ན་ང་ལ་དོགས་པ་ཡོད། ངའི་བསམ་པར་བོད་པའི་ནང་ཁུལ་ལ་ཆོལ་ཁ་གསུམ་བྱས། ཆོས་ལུགས་ཀྱི་ནང་ནས་ཀྱང་མི་མཐུན་པ་མང་པོ་ཆགས། དེ་བྱས་དུས་བོད་ཀྱི་ཆིག་སྒྲིལ་དེ་ཡག་པོ་ཞིག་ཡོང་དང་མི་ཡོང་ཐད་ང་ལ་དོགས་པ་ཡོད། སྤྱིར་དབུ་མའི་ལམ་ནས་བོད་དོན་སེལ་ཐུབ་པའི་རེ་བ་ཡོད། ཡིན་ཡང་ཕལ་ཆེར་རེ་བ་དེ་སྟོང་བ་མིན་འགྲོ་བསམ་ཡོད།
དྲི་བ། ང་ཚོས་ལོ་ ༣༠ ལྷག་གི་རིང་ལམ་ཁ་འདིར་རེ་བ་བརྒྱབས་པ་རེད། གལ་སྲིད་འདི་མི་འགྲུབ་ཚེ་ང་ཚོར་ལམ་ཁ་གཞན་པ་འདྲ་ཡོད་པ་རེད་དམ།
ལན། ཡང་ན་དབུ་མའི་ལམ་ལ་འགྲོ་དགོས་པ་རེད། དེ་མིན་ན་བརྒྱ་ཆ་བརྒྱ་ཐམ་པ་རང་བཙན་གྱི་ཐོག་ལ་འགྲོ་དགོས་པ་རེད། དེ་མིན་པའི་ལམ་ཁ་ནི་དཀའ་ལས་ཁག་པོ་ཆགས་སོང་བསམ་གི་ཡོད། ཡིན་ཡང་ང་རང་གི་བསམ་ཚུལ་ཞིག་ལ། དེ་རིང་སང་ཉིན་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བསླེབས་བསྡད་ཡོད་པ་རེད། དེ་བྱས་དུས་ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་སྔོན་མ་ལོ་ ༣༠༠ སྔོན་གྱི་ལམ་ལུགས་རེད། ༡༦༤༢ ལོ་ནས་ད་བར་དུ་ཆབ་སྲིད་ཀྱི་ལམ་ལུགས་གཅིག་པ་རེད། ངའི་བསམ་ཚུལ་ལ་མུ་མཐུད་དུ་ཆབ་སྲིད་ཀྱི་ལམ་ལུགས་འདི་ཉར་ནས་འགྲོ་དགོས་ན་དཀའ་ལས་ཁག་པོ་རེད། འཛམ་བུ་གླིང་ལ་ལོ་ ༣༠༠ སྔོན་ལ་ཆབ་སྲིད་ཀྱི་ཕྱོགས་ནས་གནས་ཚུལ་ལ་འགྱུར་བ་མང་བོ་ཕྱིན་པ་རེད། ཡིན་ཡང་ང་ཚོས་ལོ་ ༣༠༠ རིང་གི་ཆབ་སྲིད་ཀྱི་ལམ་ལུགས་གཅིག་ཉར་ནས་བསྡད་ཡོད་པ་རེད། ལམ་ལུགས་འདི་གང་འདྲ་རེད་ཟེར་ན། རྒྱལ་བ་རིན་པོ་ཆེ་སྐུ་ཐོག་རིམ་བྱོན་ནས་སྐུ་ཕྲེང་བཅུ་བཞི་པ་བར་དུ་ཕེབས་ཡོད་པ་རེད། འདི་ལྟར་མུ་མཐུད་ཕྱིན་པ་ཡིན་ན་ཉི་མ་གཅིག་ལ་ང་ཚོར་སྐུ་ཕྲེང་བཅོ་ལྔ་པ་དེའང་ཡིན་གཅིག་མིན་གཅིག་དགོས་པ་རེད། ངས་བལྟས་ན་འདི་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད་བསམ་བསྡད་ཡོད། རྒྱལ་བ་སྐུ་ཕྲེང་གཅིག་འདས་ནས་སྐུ་ཕྲེང་གཞན་པ་དེ་སྲིད་ཁྲིར་ཕེབས་རག་བར་དུ་ལོ་མང་པོ་ཞིག་ལ་བསྒུག་དགོས་པ་རེད། དེའི་ཁར་སྐུ་ཕྲེང་དེ་གང་དུ་འཁྲུངས་མིན་སོགས་ལའང་དཀའ་ངལ་རེད། དེ་རིང་སང་ཉིན་འཛམ་གླིང་གི་སྲིད་འཛིན་དེ་འདྲ་ཡིན་ན་ཉིན་གཅིག་དང་གཉིས་ཀྱི་རིང་ལ་ཐག་ཆོད་དགོས་ཀྱི་ཡོད་པ་རེད། ང་ཚོས་ལོ་ ༡༥ དང་ ༡༦ དེ་འདྲའི་རིང་ལ་བསྒུག་དགོས་དུས་དེའི་རིང་ལ་ག་རེ་ཡོང་མིན་སུས་ཤེས། དེ་བས་ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་སྐུ་དངོས་སུ་བཞུགས་པའི་སྐབས་ལ་བོད་མི་མང་ཚང་མ་ཆིག་སྒྲིལ་ཆགས་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་སྟེང་འདི་ལྟའི་ཆིག་སྒྲིལ་ཞིག་ཡོང་མྱོང་ཡོད་པ་མ་རེད། ང་ཚོར་༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་བསམ་གྱིས་མི་ཁྱབ་པ་ཞིག་ཕེབས་ཡོད་པ་རེད། གལ་སྲིད་ཁོང་མི་བཞུགས་དུས་ཤིག་ལ་བོད་མི་རྣམས་ཀྱིས་ད་ལྟའི་ཆིག་སྒྲིལ་འདི་ཉར་ཐུབ་མིན་ནི་དོགས་པ་ཆགས་ཡོད་པ་རེད། དེ་རིང་སང་ཉིན་འཛམ་གླིང་སྟེང་བོད་ཀྱི་སྐོར་ལ་སྐད་ཆ་བཤད་དུས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་མི་བཤད་མཁན་ཡོད་པ་མ་རེད། དེའི་རྗེས་ལ་ག་རེ་ཡོང་གི་རེད་དེ་ལ་ཚོད་དཔག་བྱས་ནས་བསྡད་ཡོད་པ་རེད། ཡིན་ཡང་། ང་ཚོ་བོད་པ་ཚོས་འདིའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། བོད་པ་ཚོར་རྣམ་རྟོག་ཆེན་པོ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་འདས་འགྲོ་གི་རེད་ཅེས་སྐད་ཆ་བཤད་ཐུབ་གི་མ་རེད། བཤད་འདོད་ཀྱང་ཡོད་པ་མ་རེད། བཤད་ཀྱང་ཉན་འདོད་ཡོད་པ་མ་རེད། ཚང་མས་ཁ་བཙུམ་ནས་བསྡད་ཡོད་པ་རེད། བྱས་ཙང་ད་ནི་སྐད་ཆ་བཤད་དགོས་པ་རེད། ཉི་མ་གཅིག་ལ་དཀའ་ངལ་འཕྲད་དུས་ང་ཚོ་ཚང་མ་ནག་ཁུང་ནས་ཕར་མཆོངས་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། གནས་སྟངས་དེ་འདྲ་རེད། ལོ་རྒྱུས་སྟེང་ནས་བཤད་ན། སྔོན་མ་༧རྒྱལ་བ་སྐུ་ཕྲེང་རེ་འདས་སྐབས་བོད་ལ་དཀའ་ངལ་ཡག་ཐག་ཆོད་རེ་ཡོང་གི་ཡོད་པ་རེད། ཡིན་ཡང་སྔོན་མ་དཀའ་ངལ་འཕྲད་དུས་ང་ཚོར་རང་གི་ལུང་པ་ཡོད་པ་རེད། དེང་སང་དེ་འདྲ་མ་རེད། བྱས་ཙང་དེ་མི་ཡོང་བའི་ཐབས་ཤེས་གང་ཡོད་པ་རེད་ཟེར་ན། དེ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་ཀྱི་ཕྱག་ལ་ཉར་བསྡད་ཡོད་པ་རེད། ཁོང་གིས་ཅིག་གསུངས་པ་ཡིན་ན་ད་ལྟ་མི་སུ་གཅིག་གིས་ཀྱང་དེ་མ་རེད་ཅེས་སྐད་ཆ་བཤད་མཁན་ཡོད་པ་མ་རེད། མ་རེད་ཟེར་མཁན་ཡོད་ན་ཁོར་རྒྱུ་མཚན་ཞིག་དགོས་པ་རེད། ཡིན་ཡང་རྒྱུ་མཚན་ཡོད་པ་མ་རེད། ངས་འདི་ལྟར་བཤད་ན་བོད་པ་ཚང་མ་ང་ལ་དགའ་གི་མ་རེད། ང་ལ་དགའ་གི་མ་རེད་ཅེས་སྐད་ཆ་མ་བཤད་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད།
དྲི་བ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་ཡང་སྲིད་ཕེབས་སྟངས་སྐོར་ལ་གདམ་ཀ་འགའ་གསུངས་ཡོད་པ་རེད། ད་ལྟའི་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་སྐུ་ཉིད་ནས་གདམ་ཀ་གང་ཞིག་འཚམ་ཤོས་སུ་མཐོང་གི་ཡོད་དམ།
ལན། ངའི་བསམ་ཚུལ་ཡིན་ན་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་མ་འདས་སྤྲུལ་སྐུ་འདྲ་བོ་ཞིག་ངོས་འཛིན་གནང་བ་ཡིན་ན་འོས་པར་མཐོང་གི་ཡོད། གང་ཡིན་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་ཁོང་གིས་གསུངས་པ་ཡིན་ན་མི་སུ་གང་གིས་ཡིན་དང་མིན་ཟེར་ཐུབ་པ་ཡོད་པ་མ་རེད། ཡིན་ཡང་། རྒྱ་ནག་གིས་ཀྱང་ཏཱ་ལའི་བླ་མ་ཞིག་ངོས་འཛིན་བྱེད་མདོག་ཁ་བོ་རེད། གང་ལྟར་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་སྐུ་དངོས་སུ་གསུངས་པ་ཡིན་ན་དེའི་ཤུགས་འདྲ་གི་མ་རེད། གཙོ་བོ་བོད་མི་རིགས་ཀྱིས་ཁོང་ལ་ཡིད་ཆེས་བྱེད་གི་རེད། དཔེར་ན། ༧པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པ་དང་གཅིག་པ་མིན་འགྲོ་བསམ་གི་འདུག
དྲི་བ། སྐུ་ཉིད་ལ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིར་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞུ་བ་དེ་བོད་ཀྱི་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་བསྡད་པ་ཞིག་རེད། ༡༦༤༢ ལོ་ནས་བཟུང་ ༡༩༥༩ ལོ་བར་དུ་བརྟན་པོར་བཟུང་བ་རེད། དེ་བྱས་དུས་ལོ་རྒྱུས་ཀྱི་ཐོག་ནས་ཞེ་དྲག་གལ་ཆེན་པོ་རེད། ཡིན་ན་ཡང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་དུས་རབས་ཉེར་གཅིག་པའི་ནང་དུ་འཁྱེར་འགྲོ་རྒྱུ་དེ་དཀའ་ལས་ཁག་བསྡད་ཡོད་པ་རེད། ཆབ་སྲིད་ཟེར་བ་འདི་ལོ་བརྒྱ་ཕྲག་ཕར་ཞོག དེ་རིང་སང་ཉིན་ཉི་མ་རེ་ཟུང་གི་ནང་དུའང་འགྱུར་བ་འགྲོ་བ་མང་པོ་ཡོད་པ་རེད། ངའི་བསམ་པར་ད་སྐབས་བོད་ཀྱི་དོན་དག་ལ་བླ་མ་དང་གྲྭ་བ་ཚོས་ལས་ཀ་བྱེད་ན་མ་གཏོགས་མི་སྐྱ་ཞིག་གིས་ཕལ་ཆེར་ལས་ཀ་བྱེད་མི་ཐུབ་པའི་བཟོ་འདྲ་ཞིག་མཐོང་གི་འདུག འཛམ་གླིང་མི་དམངས་ཀྱི་སྣང་ངོར་ཡང་བོད་པ་རེད་ལབ་དུས་སྐྲ་བཞར་ཡོད་པ་དང་། གྲྭ་ཆས་གོན་ཡོད་མཁན་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་རེད་མ་གཏོགས། གཞན་བོད་པ་ཞེས་པའི་གཟུགས་བརྙན་དེ་མི་ཚང་མར་ཧ་ཅང་གི་གསལ་བོ་ཡོད་པ་མ་རེད། དེ་བྱས་དུས་འཛམ་གླིང་སྤྱི་ལ་བོད་ལབ་དུས་གྲྭ་བའི་སྡེ་མ་གཏོགས་གཞན་པར་མཐོང་མེད་པའི་གནས་ཚུལ་ཆགས་ཡོང་གི་འདུག ང་ཚོ་དམངས་གཙོའི་རིང་ལུགས་ངོ་མ་ཞིག་ལ་འགྲོ་གི་ཡིན་ན་ཆོས་སྲིད་གཉིས་ད་ལྟ་ནས་ཁ་ཁར་ཕྱེ་ན་མ་གཏོགས་རྗེས་ལ་དཀའ་ངལ་ཞིག་འཕྲད་ཡོང་གི་རེད་བསམ་གྱི་འདུག
དྲི་བ། ཆོས་སྲིད་ཟུང་འབྲེལ་འདི་ཁ་ཁར་ཕྱེ་བ་ལ་དཀའ་ངལ་འདྲ་གཟིགས་ཀྱི་མི་འདུག་གམ།
ལན། ཉེ་ལམ་ངྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་མ་འཚོགས་པའི་སྔོན་ལ་ངས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན། གང་ཡིན་ཟེར་ན། བོད་ཀྱི་ནང་པའི་ཆོས་དེ་ང་ཚོར་མེད་དུ་མི་རུང་བ། ཚང་མར་དགོས་བསྡད་པ་ཞིག་རེད། ཡིན་ཡང་། ཆོས་བྱེད་པ་ནི་མི་སོ་སོའི་ལས་འགན་ཞིག་རེད་མ་གཏོགས། འདིའི་ལམ་ལུགས་འདི་སྤྱི་ཚོགས་ཆེན་པོ་ཞིག་གི་སྟེང་ལ་བཞག གཞུང་འབྲེལ་ཐོག་དེར་ལག་པ་འཆང་བསྡད་ན་ཁག་པོ་ཆགས་ཡོང་གི་རེད། ཆོས་དང་སྲིད་ཁ་ཁར་ཕྱེ་བ་ཡིན་ན་དེ་རིང་དུས་རབས་ཉེར་གཅིག་པའི་ནང་དུ་འགྲོ་བར་དཀའ་ངལ་མི་འདུག་བསམ་གྱི་ཡོད། འདི་ལྟར་བཤད་ཡོང་དུས་མི་ཁ་ཤས་ཀྱིས་ཁོ་ཆོས་ལ་དགའ་བོ་མི་འདུག་ཟེར་བ་འདྲ་བོ་བཤད་མདོག་ཁ་བོ་རེད་དེ། དེ་མིན། སྐད་ཆ་དྲང་མོ་ཡིན། དུས་རབས་ཉེར་གཅིག་པའི་ནང་འདིར་བླ་མ་ཚོས་མཚམས་རེར་ཆོས་བྱེད་ཀྱི་ཡོད་པ་འདྲ་བོ། མཚམས་རེར་ཆབ་སྲིད་ཀྱི་ཐོག་ལ་ལས་ཀ་བྱེད་ཀྱི་ཡོད་པ་འདྲ་བོ། དེ་འདྲའི་སྐད་ཆ་མང་པོ་ཡོང་གི་ཡོད་དུས་ཁག་པོ་མིན་འགྲོ་བསམ་གྱི་འདུག གང་ཡིན་ཟེར་ན། ཆབ་སྲིད་ཀྱི་ཐོག་ནས་འགྲོ་དུས་སྐད་ཆ་མང་པོ་བཤད་དགོས་གི་རེད། སྐད་ཆ་བཤད་དུས་གྲྭ་བ་ཡིན་ནའང་འདྲ། བླ་མ་ཡིན་ནའང་འདྲ། སྐད་ཆ་དྲང་པོར་བཤད་པ་ཁག་པོ་རེད། བྱས་དུས་ཆབ་སྲིད་ཀྱི་ལས་ཀ་འདི་ཆོས་ལུགས་དང་བསྟུན་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཧྥ་རན་སི་ལྟ་བུ་ཡིན་ན་ཆོས་སྲིད་གཉིས་ཁ་ཁར་ཕྱེ་ནས་ལོ་ ༡༠༠ ལྷག་ཕྱིན་པ་རེད། སྔོན་མ་ཁོ་ཚོ་ཡང་ཆབ་སྲིད་དང་ཆོས་ལུགས་གཉིས་ཟུང་དུ་སྦྲེལ་ནས་ལས་ཀ་བྱེད་མཁན་གྱི་ལུང་པ་ཞིག་རེད། འཇར་མན་ཡིན་ནའང་ཆབ་སྲིད་དང་ཆོས་ལུགས་གཉིས་ཁ་ཁར་ཕྱེ་ནས་ལོ་ ༡༠༠ ལས་འགྲོ་གི་ཡོད་པ་མ་རེད། བྱས་ཙང་ཆོས་སྲིད་ཟུང་འབྲེལ་གྱིས་འགྲོ་བ་དེ་རྙོག་དྲ་ཚ་བོ་ཞེ་དྲག་ཡིན་ཙང་ལམ་ཁ་འདི་བདམས་པ་རེད། དེ་རིང་སང་ཉིན་ང་ཚོས་ལུང་པ་ཐག་རིང་དེ་འདྲར་དཔེ་འཇོག་དགོས་ཀྱི་མི་འདུག འབྲུག་ཡུལ་ཟླ་རྙིང་དམངས་གཙོ་རིང་ལུགས་ཆགས་ནས་ཆོས་ལུགས་ཀྱི་ཚོགས་ཁག་དེས་ཆབ་སྲིད་ཀྱི་ཐོག་ལ་ཐེ་བྱུས་ཁྱོན་ནས་བྱེད་མི་དགོས་པ་དང་། ཆབ་སྲིད་ནི་མི་སྐྱའི་ལག་ལ་བཞག་ཡོད་པ་རེད།
དྲི་བ། བྱས་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་སྒེར་ཡིག་ཚང་གིས་ཀྱང་ཆོས་ལུགས་རྐྱང་བའི་ཐུགས་འགན་བཞེས་རྒྱུ་དང་། ཆབ་སྲིད་ཀྱི་ཐུགས་འགན་འདི་རིམ་བཞིན་མཚམས་འཇོག་དགོས་པ་རེད་དམ།
ལན། ངའི་བསམ་པ་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ནི་བླ་མ་ཞིག་ཡིན་སྟབས། དུས་རབས་ཉེར་གཅིག་པའི་ནང་འདིར་ཆབ་སྲིད་ཀྱི་ཕྱག་ལས་གནང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོར་དམངས་གཙོའི་རིང་ལུགས་དགོས་ཀྱི་ཡོད་པ་རེད། དམངས་གཙོ་ཟེར་བ་དེ་མི་དམངས་ཀྱིས་འོས་ཤོག་བླུགས་ནས་དབུ་ཁྲིད་དེ་འདེམ་དགོས་པ་རེད། བདམས་ཚར་བའི་རྗེས་ལ་དབུ་ཁྲིད་དེས་ཕྱག་ལས་ཏག་ཏག་གནང་གི་ཡོད་མེད་ལ་དམངས་དང་སྒྲིག་འཛུགས་ཕྱོགས་ཡོངས་ནས་ལྟ་དགོས་པ་རེད། འོན་ཀྱང་། ཏཱ་ལའི་བླ་མ་ནི་ང་ཚོས་སྤྲུལ་སྐུའི་ལམ་ནས་ངོས་འཛིན་བྱེད་དགོས་པ་རེད། དེ་ལ་མི་དམངས་ཀྱིས་འོས་ཤོག་འཕེན་པ་དེ་འདྲ་ཡོད་པ་མ་རེད། དེ་བྱས་དུས་འདི་གཉིས་ལ་ནང་འགལ་ཆེན་པོ་ཡོད་པ་རེད། ང་ཚོས་བྱིས་པ་ཆུང་ཆུང་ཞིག་ངོས་འཛིན་བྱས། བྱིས་པ་དེ་ཆོས་ལུགས་དབུ་ཁྲིད་ཀྱི་ཕན་ནས་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་བསྐོ་བ་ནི་དེ་རིང་སང་ཉིན་ཚན་རིག་གི་སྟེང་ནས་ངོས་ལེན་དང་ལག་ལེན་གང་ཅིའི་ཐད་ནས་ཁག་པོ་ཆགས་བསྡད་ཡོད་པ་རེད། དེང་སྐབས་འཛམ་གླིང་གང་སར་དམངས་གཙོའི་རིང་ལུགས་དར་དགོས་ཀྱི་ཡོད་པ་རེད། དམངས་གཙོའི་རིང་ལུགས་ཟེར་བ་ནི་མི་མང་ཕྱོགས་ཀྱི་བློར་མཐུན་པོ་བྱུང་བ་ཡིན་ན་དེ་ལ་ཆ་འཇོག་བྱས་ནས་ལས་ཀ་བྱེད་དགོས་པ་རེད། དེ་བཞིན་དུ་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བསྟེན་ནས་ངྷ་རམ་ས་ལར་གཞུང་ཞིག་ཚུགས་ཡོད་པ་དེ་ཡང་དམངས་གཙོ་རིང་ལུགས་སྟེང་ལ་འགྲོ་གིན་ཡོད་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་གིས་དྷ་རམ་ས་ལའི་སྒྲིག་འཛུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་ལྟར་དམངས་གཙོ་ཞེས་པ་དེ་གལ་ཆེན་ཆགས་ཀྱི་ཡོད་པ་རེད། གལ་ཆེན་ཆགས་དུས་ང་ཚོའི་དབུ་ཁྲིད་དེ་ཡང་བུ་གུ་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་ནས་བཞག་པ་ཡིན་ན་ང་ཚོ་དེང་རབས་དམངས་གཙོའི་ལམ་ལ་ཁ་བྲལ་ནས་འགྲོ་གིན་ཡོད་པ་མ་གཏོགས། དམངས་གཙོ་ངོ་མ་ཞིག་ལ་འགྲོ་གི་ཡོད་པ་མ་རེད། ངའི་བསམ་པ་ལ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་ཀྱིས་ཀྱང་དེ་དགོངས་ཀྱི་ཡོད་པ་རེད། དགོངས་ཀྱི་ཡོད་ཙང་མ་འོངས་པ་ལ་དེ་འདྲ་ཞིག་ཡོང་བར་ཁག་པོ་ཆགས་ཀྱི་ཡོད་པ་ཁོང་གིས་མཁྱེན་གྱི་ཡོད་པ་རེད། དེ་ལ་ཐུགས་འཚབ་གནང་གི་ཡོད་པ་རེད། ཁོང་རིགས་ནས་མ་འདས་སྤྲུལ་སྐུ་ཞེས་པའི་བཀའ་མོལ་ཞིག་གནང་གིན་པའི་རྒྱུ་མཚན་ཡང་འདིར་ཐུག་པ་རེད། དེ་བྱས་དུས་ངའི་བསམ་པར། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མི་དགོས་པ་བྱས། ཆོས་ལུགས་ཀྱི་འགན་འཁུར་མཁན་ལ་ཆོས་ཀྱི་དབུ་ཁྲིད་ཅིག་ལ་གཞི་བཞག་ནས་ཡང་སྲིད་ཅིག་ཁོང་རིགས་ཀྱིས་ངོས་འཛིན་བྱས་པ་ཡིན་ན་སྟབས་བདེ་བོ་མེད་འགྲོ་བསམ་གྱི་འདུག
དྲི་བ། བོད་པ་རྣམས་ཀྱི་དཀའ་ངལ་ནི་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་རེད། གནས་སྟངས་འདི་འདྲ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ཆོས་སྲིད་གང་ཐད་ནས་ཀྱང་མེད་ཐབས་ཤིག་མི་འདུག་ལབ་གིན་ཡོད་པ་རེད། ཕྱེད་རྒན་ཡོལ་ཡང་བོད་མི་ཚོའི་ངོས་ནས་དང་ལེན་བྱེད་ཐུབ་ཀྱིན་ཡོད་པ་མ་རེད།
ལན། ༧རྒྱལ་བ་རིན་པ་ཆེ་མཆོག་དང་བོད་མི་རིགས་ཀྱི་འབྲེལ་བ་ནི་དམིགས་བསལ་ཆགས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་ཞིག་གནང་བ་ཡིན་ན། དེར་ཉན་མཁན་བོད་པ་ཐམས་ཅད་ཁོང་གི་སློབ་མར་གྱུར་ཡོད་པ་རེད། དགེ་སློབ་ཀྱི་དམ་ཚིག་ཡོད་དུས། དགེ་རྒན་གྱིས་གང་གསུངས་པ་དེ་བརྩི་དགོས་པ་རེད། འདི་གནད་དོན་གཅིག་རེད། དམངས་གཙོ་རིང་ལུགས་ཡིན་ན་དབུ་ཁྲིད་དེ་མི་དམངས་ཀྱིས་འདེམ་དགོས་པ་རེད། བདམས་གྲུབ་པའི་རྗེས་ལ་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་ལྟ་རྟོག་བྱེད་དགོས་པ་རེད། གལ་སྲིད་ཁོ་འགྲིག་གི་མེད་ན་གོ་ས་ནས་མར་ཕབ་ན་འགྲིག་གི་ཡོད་པ་རེད། འགྲིག་གི་མི་འདུག་ཅེས་སྐད་བརྒྱབ་ན་འགྲིག་གི་རེད། སྐྱོན་བརྗོད་བྱས་ན་འགྲིག་གི་རེད། འདི་གཉིས་འགལ་བ་རེད། དེ་བས་རྒྱལ་བ་རིན་པོ་ཆེ་མཆོག་ཆོས་ཀྱི་དབུ་ཁྲིད་ལ་བཞུགས། ཆབ་སྲིད་ཀྱི་ལམ་ལུགས་དེ་དམངས་གཙོ་ཡང་དག་པ་ཞིག་བཟོ་དགོས་པ་རེད། དེ་ལ་དཔག་པའི་ལས་ཀ་བྱས་པ་ཡིན་ན་མ་འོངས་པའི་མདུན་ལམ་དེ་གཙང་མ་ཞིག་ཡོང་གི་མེད་འགྲོ་བསམ་གྱི་འདུག