བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ནང་རྩོམ་གནང་མཛད་ཅིང༌། ཀུན་ཐར་དོན་འགྲུབ་ཀྱིས་བོད་བསྒྱུར་བྱས་པའི་ས་བྱི་ལོའི་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་མི་དམངས་ཀྱི་ཞི་རྒོལ་ལས་འགུལ་གྱི་བྱུང་རིམ་ཟིན་ཐོ། <<གངས་སེང་གི་ངར་སྒྲ>> ཞེས་པའི་དཔེ་དེབ་དེ་ ༢༠༠༩ ལོའི་ཟླ་ ༢ ནང་དཔར་སྐྲུན་འགྲེམས་སྤེལ་ཞུས་ཡོད། དཔེ་དེབ་དེར་ཞི་རྒོལ་ཆེན་མོའི་བྱུང་རིམ་ཤོག་ངོས་ ༢༢༦ དང་པར་རིས་དང་དཔྱད་གཞིའི་ཡིག་ཆར་ཤོག་ངོས་ ༦༤ ཙམ་ཡོད་པ་མ་ཟད། ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ནས་ལོ་དེའི་ཟླ་ ༨ ཚེས་ ༢༤ བར་ཆོལ་གསུམ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་ཡོད།
སྒྱུར་བ་པོའི་གཏམ་དུ་བཀོད་དོན། འོད་ཟེར་ལགས་ཀྱིས་ཁོང་གིས་བྲིས་པའི་ས་བྱི་ལོའི་ཞི་རྒོལ་དོན་རྐྱེན་གྱི་ཟིན་ཐོ་རྣམས་དངོས་ཐོག་བདེན་འཚོལ་གྱིས་ཞིབ་བཤེར་དང་དུས་ཐོག་འཚོལ་སྡུད་བྱ་ཆེད། ཆེད་དུ་མདོ་དབུས་ཁམས་གསུམ་གྱི་ས་གནས་མང་པོར་ཕེབས་ཏེ། ཟིན་བྲིས་ནང་གསར་སྣོན་བྱས་པར་བརྟེན། མོ་རང་གི་དྲ་ཚིགས་ཟིན་བྲིས་དང་སི་ཁེ་བྷེ་ལ་གཏོར་སྐྱོན་ཐེངས་མང་བཟོས་པའི་གནས་ཚུལ་ཟིན་ཐོ་འདིར་བཀོད་ཡོད་སྟབས། ཀློག་པ་པོ་རྣམས་ཀྱིས་རིམ་པར་མཐོང་ངེས་ལགས་ཤིང༌། དཔེ་དེབ་བཀླགས་པ་བརྒྱུད། དྲང་བདེན་ལ་ཡིད་ཆེས་དང་བོད་མི་རིགས་ལ་དགའ་ཞེན། ༧གོང་ས་མཆོག་ལ་དད་པ་ཡིད་ཆེས་གཡོ་མེད། རྒྱ་གཞུང་གི་འཇིགས་སྐུལ་དང་གདུག་རྩུབ་ལ་སྨྱུ་གུ་གཅིག་དང་གློག་ཀླད་གཅིག་གིས་ཁ་གཏད་གཅོག་ཕོད་པའི་བུད་མེད་རྩོམ་པ་པོ་ཞིག་གི་ཞིམ་པ་མེད་པའི་སྙིང་སྟོབས་ཀྱི་གཟུགས་བརྙན་གསར་བ་ཞིག་ངང་ངམ་ཤུགས་ཀྱིས་རྣམ་པ་ཚོའི་སེམས་ཀྱི་མེ་ལོང་ངོས་སུ་བཞེངས་ཐུབ་པའི་ཡིད་ཆེས་ཡོད། ཅེས་བཀོད་འདུག
༧གོང་ས་མཆོག་གིས་དཔེ་དེབ་དེའི་མགོ་བརྗོད་དུ་གསུངས་དོན། བོད་རིགས་སྨྱུག་འཛིན་མ་འོད་ཟེར་གྱིས་ལུས་སྲོག་གི་ཉེན་ཁར་འཛེམས་ཟོན་དང་འཇིགས་སྣང་མ་བྱས་པར་བོད་དུ་བྱུང་བའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་བདེན་པར་སྨྲ་བའི་གཏམ་བརྗོད་དང༌། རྩོམ་ཡིག་ཇི་སྙེད་ཅིག་རླུང་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་གོ་ཐོས་ཡོང་སྐབས། བོད་མིའི་སྙིང་སྟོབས་དང་ལྷག་བསམ་ལ་གདེང་སྤོབས་གོང་འཕེལ་དུ་འགྲོ་བའི་རྒྱུ་རྐྱེན་དུ་གྱུར་ཅིང། ཡང་སྒོས་ད་ལམ་སྔ་ལོའི་ཟླ་ ༣ ནས་བོད་དུ་བྱུང་བའི་ཡིད་སྐྱོའི་གནས་ཚུལ་རྣམས་ཀྱི་དངོས་མཐོང་མྱོང་ཚོར་ཟོལ་མེད་ལྷུག་པོར་བཀོད་པའི་ཉིན་རེའི་དྲན་ཐོ་འདི་བཙན་བྱོལ་དུ་ཡོད་པའི་རྩོམ་སྒྱུར་བ་ཀུན་ཐར་གྱིས་བོད་སྐད་དུ་བསྒྱུར་བ་འདི་མཐོང་སྐབས་ཡིད་འགུལ་ཤུགས་ཆེན་དང། རྩོམ་པ་པོའི་སྙིང་སྟོབས་དང་ཆོད་སེམས་ལ་སྙིང་ནས་ཡི་རངས་དང་བསྔགས་བརྗོད་བྱ་འདོད་བྱུང། རྩོམ་ཡིག་འདི་བོད་མིའི་བྱུང་རབས་ནང་གལ་གནད་ཆེ་བའི་ཡིག་འཇོག་ཅིག་ཏུ་འགྱུར་རྒྱུ་མ་ཟད། བོད་ཕྱི་ནང་དུ་གནས་པའི་བོད་མི་ཡོངས་ལ་སྙིང་སྟོབས་དང་ལྷག་བློ་སྤེལ་བའི་ཆ་རྐྱེན་འགྲན་བྲལ་ཞིག་ཡོང་རྒྱུ་གདོན་མི་ཟ། ཞེས་གསུངས་འདུག