པན་ཆེན་ཆུང་སྲིད་དངོས་གནས་སྐུ་གཤེགས་སམ།

གལ་སྲིད་རྒྱ་ནག་གཞུང་གིས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་སུ་བཞུགས་མིན་གསལ་ཁ་མ་བཏོད་ཚེ་ང་ཚོས་ཁོང་ད་ལྟ་བཞུགས་མིན་ཁ་ཚོན་གཅོད་མི་ཐུབ། ཉིན་ཤས་གོང་ཉི་ཧོང་དུས་བབ་ཀྱི་འགན་འཛིན་ཟུར་པ་ཡོ་ཆི་ཤི་མ་ཚུ་ Yoichi Shimatsu འབོད་པས་པེ་ཅིན་གྱི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་བགྲོ་གླེང་ཞིག་གི་སྟེང་དུ། པན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ལོ་མང་པོ་ཞིག་གི་སྔོན་ནས་འདས་གྲོངས་སུ་གྱུར་བ་རེད། ཁོང་འདས་རྐྱེན་ནི་སྐྲན་ནད་དང་ཡང་ན། leukemia ཞེས་པའི་ནད་གཞི་གང་རུང་ལ་བསྟེན་ནས་འདས་པ་རེད། ཡིན་ཡང་། རྒྱ་ནག་གཞུང་གིས་གནས་ཚུལ་འདི་བོད་པ་དང་རྒྱ་ནག་མི་དམངས་གཉིས་ཀར་གསང་བ་བྱས་ཡོད་པ་རེད། ཁོང་གི་གནས་ཚུལ་གྱི་ཁུངས་བཙན་ལ། གནས་ཚུལ་བདེན་པ་ཡིན། ཅེས་བརྗོད་ཚུལ་ཨི་ཊ་ལིའི་གསར་ཤོག་དྲ་རྒྱ་ Corriere Della Sera ཞེས་པའི་སྟེང་བཀོད་ཡོད་པ་རེད།

གོང་གི་གནས་ཚུལ་འདི་བདེན་མིན་ད་ལྟའི་ཆར་གསལ་ཁ་བཏོད་ཐུབ་མེད་ལ། ཡིན་ཡང་འདས་པའི་ལོ་འགའི་ཡར་སྔོན་ལ་པན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འདས་ཤིང་། ཁོང་གི་སྐུ་ཕུང་ཀན་སུའུ་ནས་མཐོང་སྐོར་གྱི་གནས་ཚུལ་བསླེབས་ཡོད་པ་རེད། ཡིན་ཡང་། རྗེས་སོར་གནས་ཚུལ་དེ་དཀྲོགས་གཏམ་ལྟ་བུ་ཞིག་གི་ངོ་བོར་བཞག་པ་རེད། གོང་གི་གནས་ཚུལ་འདི་དང་འདས་པའི་ལོ་འགའི་ཡར་སྔོན་ལ་ཁོང་སྐུ་གཤེགས་ཚུལ་གྱི་དཀྲོགས་གཏམ་གཉིས་ལ་འབྲེལ་བ་ཡོད་པ་ལྟར་སྣང་བས། ད་ནི་རྒྱ་ནག་གཞུང་གིས་ཁོང་གི་སྐུ་དངོས་སུ་བཞུགས་མིན་སྐོར་བོད་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁུངས་འཕེར་རང་བཞིན་གྱི་གསལ་བཤད་བྱ་དགོས་ཀྱི་ཡོད།

འདི་ག་གསར་ཁང་གིས་ཆིན་ཧྭ་སློབ་གྲྭ་ཆེན་མོར་བཞུགས་པའི་སྐུ་ཞབས་ ཡོ་ཆི་ཤི་མ་ཚུ་ ལ་འབྲེལ་བ་འཛིན་ཐབས་བྱས་ཀྱང་འབྲེལ་བ་བྱུང་མ་སོང་ལ། ཁོང་ནི་ད་ཆར་རང་དབང་གསར་འགོད་པ་དང་། དངོས་བྱུང་བརྙན་འཕྲིན་བཟོ་མཁན་ཞིག་ཡིན་ལ། དེང་སྐབས་པེ་ཅིན་གྱི་ཆིན་ཧྭ་སློབ་ཆེན་དུ་བསྡད་ཡོད་ཚུལ་འདུག ཁོང་ལ་འབྲེལ་བ་བྱུང་མཚམས་གནས་ཚུལ་འདི་ཁུངས་འཕེར་ཡིན་མིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

16 thoughts on “པན་ཆེན་ཆུང་སྲིད་དངོས་གནས་སྐུ་གཤེགས་སམ།

  1. མིག་གསུམ་པ།

    སྐུ་ཞབས་བཙན་པོ་ལགས། པཎ་ཆེན་རིན་པོ་ཆེ་ཁོང་ནི་ཁྱེད་ཀྱི་བསམ་པའི་ནང་གི་ཏང་དང་རྒྱ་མེས་རྒྱལ་ལ་དགའ་བའི་དམིག་མི་ཞིག་མིན་ལ། རྗེས་སུ་བོད་མི་རིགས་ལ་ཕན་པ་ལས་གནོད་པ་བྱེད་པའི་བོད་མི་རྩ་རྗོངས་ཞིག་དུ་སྐྱེས་པར་དེ་བས་ཀྱང་མ་ངེས་པར། ཁོང་གིས་བོད་མི་རིགས་ལ་བཅངས་པའི་ཐུགས་ཞེན་དང་སྙིང་སྟོབས། དཀོན་མཆོག་ལ་མོས་པའི་ངེས་ཤེས་བཅས་ཀྱིས་ཁ་དཔེ་ལ། ཕ་དམ་པ་ཆང་གིས་བཟི་ཡང་། དོན་དམ་པ་རླུང་ལ་མི་བསྐུར་བ་ཞིག་དན་དན་ཡིན་ནི་རེད། བཙན་པོ་ཁྱོད་ཀྱི་འདོད་ཐོག་ལ་ཡོང་རྒྱུ་མ་རེད་ཡ།

  2. ངོ་མ་ང་ཚོས་ཅི་ཞིག་ཤེས་ཡོད་དམ་ང་ཚོའི་གཞུང་གིས་ཅི་ཞིག་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་དམ། མཐའ་ན་བན་ཆེན་རིན་པོ་ཆེའི་སྐུ་འདས་གསོན་ཙམ་ཡང་བློ་ཐག་ཆོད་པོས་བཤད་མི་ཐུབ་དོན་ཅི་རེད་འདི་ལྟར་བསམ་ན་ངོ་མ་ཁོ་རེ་ཆད་གི ད་དུང་ང་ཚོས་འདི་ན་བན་ཆེན་འཁྲུངས་སྐར་ཞེས་སྤྲོ་སྐྱིད་བཏང་སྟེ་རྩེད་མོ་རྩེ་བཞིན་པ་འདི་ལ་བསམ་ན་ངོ་མ་ང་ཚོ་ཀླེན་པ་རང་རེད། གཞུང་གིས་མ་འཇོན་གྱང་དུས་བབས་ཚང་གིས་འདིའི་སྐོར་གསལ་བོ་ཞིག་དང་བདེན་པ་དངོས་ཤིག་བཤད་ཐུབ་ན་དུས་བབས་ཀྱིས་བཞག་པའི་ཞབས་རྗེས་རླབས་ཆེན་ཞིག་ལ་དངོས་འཛིན་ཆོག་ཆོག་རེད་

  3. སེར་སྨད་བློ་དགའ།

    དེ་བདེན་མདོག་ཁ་པོ་མི་འདུག དེ་འདྲའི་གནས་ཚུལ་མང་པོ་རྒྱ་ནག་གི་བྱུས་ངན་ཁུངས་རུལ་བ་ལས་ཐོན་ཡོད། གལ་སྲིད་ཕུགས་དེད་དགོས་ན་དེའི་སྐོར་གྱི་ལས་འགུལ་ཤུགས་ཆེན་ཞིག་འབྲེལ་ཡོད་རྒྱལ་ཁབ་ཅིག་གི་བརྒྱུད་ལམ་བྱས་ཏེ་སྤེལ་ན། ཏན་ཏན་གསལ་པོ་ཆགས་ཡོང་གི་རེད་བསམ་གི དོ་སྣང་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེན་ཆགས་ཡོད་པ་སྨོས་མི་དགོས་ཤིག་རེད།

  4. བོད། ཤ་ཁྲག་རུས་གསུམ།

    དྲ་གྲོགས་ཚོ་གནས་ཚུལ་འདི་འདྲ་ཞིག་ངེད་ཅག་གིས་ལོ་ངོ་དུ་མའི་སྔར་རོལ་དུ་གོ་མྱོང་བ་ནི། ཆུང་སྲིད་འདས་པའི་སྐུ་ཕུང་དེ་ནི་སེ་ར་དུར་ཁྲོད་ནང་དུ་མི་ཞིག་གིས་མཐོང་སོང་ཟེར་ནས་སྐད་ཞིག་གོ་བ་རེད། དེ་རིང་ཡང་གསར་འགོད་པ་ཞིག་གིས་ཆུང་སྲིད་རིན་པོ་ཆེ་སྐྲན་ནད་ཀྱི་དབང་གིས་འདས་པར་གླེང་གི་ཡོད་པ་དེ་རེད། ང་ཚོས་གསལ་གསལ་དངས་དངས་ཤིག་མི་ཤེས་པ་དེ་ནི་སྐུ་འཚོ་བཞུགས་ཡོད་མེད་ཀྱི་དྲི་བ་འདི་རེད། ད་ནི་དུས་ཚོད་འདི་དམ་འཛིན་གྱིས་བོད་མི་ཡོད་དོ་ཅོག་གི་རྣ་བར་བླུགས་དེ་གཏམ་འདི་ཡི་ཁུངས་ཤིག་རྙེད་ཐབས་བྱེད་པའི་དུས་སུ་སླེབས་ཡོད་པ་འདྲ། གཅིག་བྱས་ན་ཆུང་སྲིད་རྫུན་མར་འབོད་པ་དེས་འདིའི་བསྐོར་གྱི་གནས་ཚུལ་ངོས་རེ་ཤེས་མི་སྲིད་པ་མིན། དེ་ལ་རྒྱུད་ལམ་ཡོད་མཁན་རེ་ཡོད་ན་ད་ནི་འབྲེལ་བ་ཞིག་བཟུང་དེ་སྐད་ཆ་རེ་དྲིས་ན་ཡག་ས་རེད། འདི་ནི་ང་རང་གི་རྨོངས་འཆར་ཙམ་ཞིག་ཡིན། ལྷག་པར་དུ་གསར་འགོད་པ་དེ་ལ་དུས་ཚོད་ཐུང་ཐུང་ངང་དུ་འབྲེལ་བ་འཛིན་མ་ཐུབ་པ་ཡིན་ན་ནི། གནས་ཚུལ་རྒྱ་ཆེ་རུ་སོང་རྗེས་སུ་དཀའ་ལས་ཁག་པོ་རེད་སྙམ། དེས་ནས་དུས་བབ་ཚང་གི་རླབས་ཆེན་གྱི་ལས་གཞི་འདིས་མཇུག་སྐྱོང་ཐུབ་རྒྱུའི་རེ་སྐུལ་ཡོད།