དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་ཡར་ལངས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག
གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་ལ། དེ་ནི་རྒྱ་གཞུང་འབྲེལ་ཡོད་ཚན་པས་སློབ་གྲྭའི་མདུན་ཐང་གི་ནག་པང་སྟེང་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བསྒྲགས་ཡིག་ཅིག་སྦྱར་ཡོད་སྟབས། སློབ་མ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ། སློབ་གྲྭའི་ར་བ་ནས་མགོ་འཛུགས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་བཞིན་མཆོད་རྟེན་ས་སྒ་ཟེར་བའི་གྲོང་ཁྱེར་སྟོད་དབུས་བར་གོམ་བགྲོད་བྱས་ཡོད་ཀྱང་། སྐབས་དེར་བསང་ཆུ་རྫོང་དྲག་ཆས་དཔུང་དམག་སླེབས་ཏེ་སློབ་མ་རྣམས་བཀག་འགོག་བྱས་ཡོད་འདུག
དེ་བཞིན། ཀན་ལྷོ་ཁུལ་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་དང་གཙོས་བོད་ཡིག་སློབ་འབྲིང་གཉིས་ཀྱང་གོང་བཞིན་ཡར་ལངས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང༌། ཡར་ལངས་ཇི་ལྟར་བྱུང་བ་དང་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མི་འདུག གནད་དོའི་དེའི་ཐད་ཁ་པར་དང་གློག་ཀླད་གཉིས་ཐོག་ནས་བོད་ནང་འབྲེལ་བ་བྱས་ཀྱང༌། སྐུད་ལམ་མཐུད་དཀའ་བ་དང་རེ་ཟུང་ལ་མཐུད་ཀྱང་བསྐྱར་དུ་ཆད་འགྲོ་བ་སོགས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་ཐབས་མ་བྱུང་།