པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུཊ་ཡོད་མེད་དོགས་པ་རེད།

རྒྱ་ནག་གིས་ད་ལྟ་བོད་ཐོག་འཛིན་པའི་སྲིད་བྱུས་འདིའི་འོང་ནས་ལམ་སང་བོད་པའི་དཀའ་རྙོག་སེལ་ཐུབ་པའི་རེ་བ་ཞིག་མཐོང་གིན་མི་འདུག ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོས་མཁྲེགས་འཛིན་དང་གཉའ་གནོན། བཤུ་གཞོག་དང་མེ་མདའི་ཁ་ནས་དབང་སྒྱུར་ལ་འབད་བརྩོན་ཁོ་ན་བྱེད་པ་ལས། ཕན་ཚུན་ལ་སྐད་ཆ་བཤད་དེ་ཞི་བའི་ཐོག་ནས་བོད་རྒྱ་གཉིས་དང༌། ཁྱིམ་མཚེས་རྒྱལ་ཁབ་ཚང་མར་ཕན་ཐོགས་ཡོད་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཏུ་བསྐྱོད་རྒྱུའི་འདུན་པ་མེད་པ་གསལ་བོ་རེད། ཅེས་བོད་མི་མང་སྤྱི་འཐུས་ཚོགས་གཙོས་གསུངས་ཡོད།

 

ཕྱི་ཚེས་ ༢༥ ཉིན་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། ཞོགས་པའི་ཉི་གཞོན་རི་རྩེར་ཕོག་པ་དང་མཉམ་དུ་བྱང་རིགས་ཧོར་ཚོའི་སྐྱིད་སྡུག་གི་གོ་སྒྲིག་འོག བཞུགས་སྒར་ལྷ་རྒྱལ་རིར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་རྒྱ་ཆེན་སྔོན་དུ་བཏང་སྟེ། གདན་ས་བཀྲ་ཤིས་ལྷུན་པོ་དང་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་མཛད་སྒོ་དངོས་གཞི་མགོ་འཛུགས་ཞུས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་རྣམ་གཉིས་ཆེད་ཕེབས་གནང་ཡོད་ལ། དེ་བཞིན་ངྷ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་དང་ཆོས་སྡེ་ཁག་གི་ལོ་ན་ ༢༠ སོན་མ་ཐག་པའི་པཎ་ཆེན་ཆུང་སྲིད་མཆོག་གི་ན་མཉམ་སློབ་ཕྲུག་དང་གྲྭ་བཙུན་ ༡༠༨ མཛད་སྒོར་མཉམ་ཞུགས་ཀྱིས་རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་བཏོན་ཡོད། དེ་བཞིན་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་ཡོང་དགོས་པའི་འབོད་སྐུལ་ས་ཡིག་བསྡུ་རུབ་དང༌། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་པཎ་ཆེན་རིན་པོ་ཆེ་བཙོན་དུ་བཅུག་ཡོད་པའི་གཏམ་བརྗོད་འཁྲབ་སྟོན་བཅས་བྱས་སོང༌།

 

འཁྲུངས་སྐར་མཛད་སྒོ་དབུ་འཛུགས་སྐབས་པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ལས་བྱེད་བློ་བཟང་བཀྲ་ཤིས་ཀྱིས་ཐེངས་ ༢༠ པའི་འཁྲུངས་སྐར་དུས་ཆེན་གྱི་ཡོངས་ཁྱབ་གསལ་བསྒྲགས་སྒྲོག་སྦྱོང་གནང་དོན། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་བོད་ཀྱི་བསྟན་སྲིད་སླད་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་ལ། ལྷག་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཆོས་མེད་དམར་པོའི་བཙན་གནོན་དྲག་པོའི་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང༌། དཔལ་འབྱོར། ཤེས་ཡོན། ཆབ་སྲིད། ཁོར་ཡུག་བཅས་ཀྱི་ཐད་ཐུགས་སྟོབས་ཞུམ་པ་མེད་པའི་ཐོག་ནས་དུས་ཐུང་ནང་བོད་ཀྱི་དཔལ་ཡོན་སླར་གསོའི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་མཛད་རྗེས་རླབས་ཆེན་བཞག་ཡོད། དྲང་བདེན་དང་གནས་ལུགས་དབེན་པའི་རྒྱ་གཞུང་གིས་དེང་གི་ཉམ་ཆུང་བོད་མིའི་ཚེ་སྲོག་ལ་རྩེད་མོ་རྩེ་བའི་དུས་ངན་འདི་འདྲར་བོད་མི་རྣམས་ཀྱི་སེམས་དབུས་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་དྲན་བཞིན་ཡོད། ད་ལོ་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཞིང་ཁམས་གཞན་དུ་བཏད་ཏེ་ལོ་ངོ་ཉི་ཤུ་ཧྲིལ་བོ་འཁོར་གྱིན་ཡོད་སྟབས། ང་ཚོས་ལོ་འཁོར་གཅིག་རིང་དུས་དྲན་སྲུང་བརྩི་བྱ་རྒྱུ་དང། དེ་ལས་གཙོ་བོ་ཞིག་ནི་རང་གཞུང་བཀའ་སྤྱི་གཉིས་ནས་ལམ་སྟོན་རིམ་ཕེབས་ལྟར། བོད་འབངས་སྤྱི་མཐུན་གྱི་བསོད་ནམས་གསོག་སླད་རིང་མིན། ༧གོང་ས་མཆོག་དབུ་བཞུགས་ཐོག་རིས་མེད་བླ་སྤྲུལ་རྣམས་གདན་དྲངས་ཏེ་མཆོད་འབུལ་ཞིག་ཀྱང་ཞུ་རྒྱུ་ཡིན།

 

ང་ཚོས་ད་ལོ་དམིགས་བསལ་གསལ་སྟོན་བྱ་རྒྱུ་ཞིག་ལ། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར། བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ལ་ཧ་ཅང་སེམས་འཚབ་ཆེ་སྟབས། རྒྱ་གཞུང་གིས་མགོ་རུལ་བ་སྣ་བས་མ་ཚོར་ཁུལ་གྱི་ཟོག་རྫུ་སྤངས་ནས་བོད་མིའི་སེམས་ཁུངས་ཀྱི་འབོད་སྒྲར་དང་ལེན་ཞུ་དགོས་པ་འགའ་ནི། དང་པོ། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གསལ་བོ་བཟོ་དགོས། གཉིས་པ། ༧ཁོང་སྐུ་འཚོ་བཞུགས་ཡིན་ཚེ་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དང་གོང་མིའི་རྣམ་ཐར་བདག་གིར་སྐྱོང་རྒྱུའི་མཐུན་རྐྱེན་བསྐྲུན་དགོས། གསུམ་པ། སྐུ་ཞབས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློག་གྲོལ་གཏོང་དགོས། བཞི་པ། བོད་མི་ཞི་རྒོལ་བ་དམར་གསོད་དང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། ལྔ་བ། ༧གོང་ས་མཆོག་གི་དབུ་མའི་ལམ་དང༌། ༧པཎ་ཆེན་སྐུ་ཕྲེང་བཅུ་བའི་དགོངས་བཞེད། རང་གཞུང་བཀའ་ཤག་བཅས་ཀྱི་རླབས་ཆེན་དགོངས་དོན་གཅིག་ཏུ་བབས་པ་མི་རིགས་ས་གནས་རང་སྐྱོང་གི་གནད་དོན་ཆ་ཚང་ལག་བསྟར་དང། རྩ་ཁྲིམས་དེའི་འོག་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་དཀའ་རྙོག་སེལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། བཅས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ ཡང་བཏོན་སོང།

 

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྤྱི་ལོ་ ༢༠༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྡེ་ཚན་གྱི་འགན་འཛིན་གྱིས་རྒྱ་གཞུང་ལ། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་མིན་གསལ་བཤད་དགོས་པའི་རེ་འདུན་ཞིག་བཏོན་ཡོད། ལོ་དེའི་ཟླ་ པར་རྒྱ་གཞུང་ནས་པཎ་ཆེན་རིན་པོ་ཆེ་བདེ་ཐང་ཡིན་ཚུལ་གྱི་ལན་ཞིག་སྤྲད་ཡོད་ཀྱང། ད་བར་གནས་སྟངས་གསལ་བོ་གང་ཡང་བྱུང་མེད། ཉེ་ཆར་ཉི་ཧོང་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ཞིག་གིས་རྒྱ་ནག་ཆིན་ཧྭ་སློབ་ཆེན་ནང༌། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ཚར་ཡོད་པ་རེད། ཅེས་པའི་སྐད་ཆ་ཞིག་བཤད་འདུག གནས་ཚུལ་དེ་རྒྱལ་སྤྱིའི་གསལ་ལམ་ཁག་ཅིག་ཏུའང་ཐོན་འདུག་མོད། བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོའི་ངོས་ནས་ཞིབ་འཇུག་བྱེད་སའི་གཞི་རྩ་ཞིག་ལྷག་མེད་སྟབས། ང་ཚོ་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་མིན་གྱི་དོགས་པ་དངངས་སྐྲག་ཆེན་པོ་ཞིག་གི་ནང་དུ་བསྡད་ཡོད། དེ་རིང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་དགོས་འདུན་བཏོན་པ་ལྟར། གཙོ་བོ་བོད་མི་ཚོས་འབད་བརྩོན་གནང་དགོས་ལ། དེ་བཞིན་པཎ་ཆེན་རིན་པོ་ཆེའི་ཐད་ལས་དོན་བྱེད་མཁན་སྒྲིག་འཛུགས་ཁག་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚང་མས་པཎ་ཆེན་རིན་པོ་ཆེའི་ཐད། ལས་འགུལ་ཤུགས་ཆེན་སྤེལ་དགོས་པར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང། རྒྱ་ནག་གིས་ད་ལྟ་བོད་ཐོག་ལ་འཛིན་པའི་སྲིད་བྱུས་འདིའི་ཐོག་ནས་ལམ་སང་བོད་པའི་དཀའ་རྙོག་སེལ་ཐུབ་པའི་རེ་བ་ཞིག་མཐོང་གིན་མི་འདུག ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོས་མཁྲེགས་འཛིན་དང་གཉའ་གནོན། བཤུ་གཞོག་དང་མེ་མདའི་ཁ་ནས་དབང་སྒྱུར་ལ་འབད་བརྩོན་ཁོ་ན་བྱེད་པ་ལས། ཕན་ཚུན་ལ་སྐད་ཆ་བཤད་དེ་ཞི་བའི་ཐོག་ནས་བོད་རྒྱ་གཉིས་དང༌། ཁྱིམ་མཚེས་རྒྱལ་ཁབ་ཚང་མར་ཕན་ཐོགས་ཡོད་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཏུ་བསྐྱོད་རྒྱུའི་འདུན་པ་མེད་པ་གསལ་བོ་རེད། ཅེས་གསུངས་སོང་ལ། ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཀྱང། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དྲན་གསོ་དང་སྦྲགས། ཁོང་གིས་རྒྱ་གཞུང་ལ་ཕུལ་བའི་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུའི་མཇུག་དུ་བཀོད་པའི། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་མི་ཚེ་ནང་མི་འཇོག་པའི་དམ་བཅའ་ཡོད། ཅེས་པའི་གསུང་ཚིག་དེ་སྐྱོར་ཀློག་གནང་སོང༌། ཉིན་དེའི་དགོང་མོ་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུཊ་ཡོད་མེད་དོགས་པ་རེད།

  1. སེར་སྨད་བློ་དགའ།

    དངོས་གནས་རེད། ཁོང་གིས་གསུངས་པ་ལྟར་དེའི་སྐོར་དོ་སྣང་ཆེན་པོ་བྱ་རྒྱུ་ནི་བོད་མི་སྤྱི་བོ་གནས་བསྟན་ཡོངས་ཀྱི་སྐབས་ཀྱི་ལས་འགན་ཡིན་པ་སྨོས་ཅི་དགོས། གུང་ཁྲན་གྱིས་བདེན་པ་ལ་གཡོ་སྒྱུ་དང་རྫུན་པ་བསྲེས། རྫུན་པ་ལ་བདེན་པ་དང་གཡོ་བྱུས་བསྲེས་ནས་ཁེ་བཟང་ཐོབ་ཐབས་བྱེད་བཞིན་པའི་སྐབས་འདིར་ང་ཚོས་འདི་ཕྱོགས་ནས་རྣམ་དཔྱོད་དང་ཐབས་ལམ་ཡོད་དགུ་རྩལ་དཀྲུག་གི་ལས་འགུལ་སྔར་དང་མི་འདྲ་བའི་སྒུལ་སྐྱོད་ཤུགས་ཆེན་ཞིག་སྤེལ་དགོས་པའི་གནད་དོན་གཅིག་རེད། མ་གཞི་འདི་སྐོར་གྱི་བགྲོ་གླེང་ཞིག་དྲ་རྒྱ་འདིའི་མདུན་ངོས་ཀྱི་རིན་པོ་ཆེ་སྐུ་བཤེགས་མིན་གྱི་གནས་ཚུལ་དེར་དཔྱད་གླེང་ཉུང་ཟད་ཅིག་ཕྱིན་སོང་།

  2. བོད། ཤ་ཁྲག་རུས་གསུམ།

    ་་་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད།

    ང་ཚོས་འདི་ལྟར་གཏམ་ངན་ཞིག་གོ་ན་ཡང་བོད་པ་ཚོས་ད་དུང་སྣང་མེད་ངང་རང་སོར་བཞག་ནས་རྩ་གཅོད་ཙམ་ཡང་བྱེད་མི་ཐུབ་དོན་ཅི་རེད། ལྷག་པར་དུ་དམིགས་གསལ་གྱིས་གསར་འགོད་པ་དག་གིས་འདིའི་ཐད་དུ་དང་ལེན་བྱས་དེ་གཏམ་ངན་འདི་ཁུངས་ལྡན་ཡིན་མིན་གྱི་རྩར་གཅོད་བྱེད་མི་ཐུབ་པ་ཅི་ལ་ཐུག་ཡོད་པ་ཡིན། གཏམ་ངན་ནི
    ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ཞིང་གཞན་དུ་གཤེགས་པ་རེད་ཟེར་བ་དེ་རེད། དེ་ནི་དུས་བབ་གཅིག་བུའི་སྟེང་
    གི་གཏམ་ངན་མ་ཡིན་པར་རྒྱལ་ཁབ་གཞན་དག་གི་ཚགས་ཤོག་མི་ཉུང་བ་ཞིག་གི་སྟེང་དུ་ཡང་བོད་ཀྱི་བླ་མ་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་སྐྲན་ནད་ཀྱིས་སྐྱེན་པའི་ལོ་ངོ་ཁ་ཤས་ཀྱི་གོང་དུ་ཞིང་ལ་ཕེབས་པ་རེད་ཟེར་བ་དེ་རེད།
    ངེད་ཅག་བོད་པ་ཚང་གིས་རང་གི་རྩ་གསུམ་བླ་མ་དགེ་འདུན་ཆོས་ཀྱི་ཉི་མ་གསོན་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་མ་ལོན་པར་མི་ལོ་བཅོ་ལྔ་ཙམ་བྱིན་པའི་དེ་རིང་། མི་རིགས་གཞན་གྱིས་གསར་འགོད་པའི་གནས་ཚུལ་འདི་འདྲ་ཞིག་ང་ཚོ་ལ་འཁུར་ནས་འོང་དུས། ངེད་ཅག་གིས་ད་དུང་གཏམ་ངན་དེའི་ཁུངས་བདེན་པ་ཡིན་མིན་ཙམ་ལ་ཡང་དོན་སྣང་ཙམ་ཡང་བྱེད་མི་ཐུབ་པ་གང་ལ་ཐུག་པ་རེད། ཡང་ན་འཛམ་གླིང་གི་ཆེས་ཆུང་བའི་ཆབ་སྲིད་བཙོན་པ་རུ་ངེས་འཛིན་བྱེད་ཆོག་པའི་ཆུང་སྲིད་རིན་པོ་ཆེའི་སྐུ་ཕྱ་ལ་ངེད་ཅག་བོད་པ་ཚང་ལ་འགན་འཁུར་མེད་སོང་བ་ཡིན་ནམ་ཅི། ད་ནི་གཏམ་ངན་འདིའ་ཁུངས་ཡང་དག་ཡིན་མིན་ཐད་དུ་ངེད་ཅག་གིས་རང་རང་ས་ནས་ཚགས་ཤོག་དེ་དག་གི་གསར་འགོད་པ་དག་ལ་ཐད་ཀར་འབྲེལ་བ་བཟུང་དེ་གཏམ་ངན་དེའི་བྱུང་རིམ་ལ་རྒྱུས་ལོན་ཐར་བྱིན་པ་ཞིག་བྱེད་རན་མ་ཡིན་ནམ། དྲ་གྲོགས་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་སྤུན་ཟླ་ཚོ། འདིའི་ཐད་ཀྱི་གནས་ཚུལ་ངེད་ཅ
    ག་ལ་འགན་ཡོད་དམ་མེད། ཡོད་ན་ནི་ངེད་ཅག་གིས་འབད་བརྩོན་བྱེད་པའི་དུས་སུ་སླེབས་ཡོད་པ་མ་ཟད། རྒྱ་ནག་
    སྲིད་གཞུང་གིས་ངེད་ཅག་བོད་པ་ཚང་ལ་འདིའི་ཐད་ཀྱི་ལན་གསལ་བོ་ཞིག་འཛམ་གླིང་གི་སྐྱེ་འགྲོའི་རང་དབང་ལ་དོན་སྣང་བྱེད་མཁན་དང་ལྷག་པར་དུ་བོད་དོན་ལ་དོན་སྣང་ཡོད་མཁན་གང་ན་སུ་ཡོད་པ་དག་ལ་འབྲེལ་བ་བཟུང་དེ་དོན་དག་འདིའི་བསྐོར་གསལ་བོ་ཞིག་བཟོ་དགོས་པ་མ་རེད་དམ། ད་ནི་བོད་མི་ཚང་གི་རང་གི་བླ་མའི་ཤི་གསོ
    ན་ཙམ་ཡང་མ་ཤེས་པ་ཡིན་ན་ནི། ངེད་ཅག་ནི་བོད་མིང་ཐོབ་པའི་བོད་མི་ཞེ་གཅིག་ལས་རང་གི་རྩ་བའི་སྙིང་དང་སེམས་ཀྱི་གཏད་སོ་རུ་བརྩི་བའི་བླ་མ་དེ་ཉིད་ལ་གུས་བརྩི་དང་དགའ་ཞེན་བྱེད་ལུགས་ཀྱི་ངོ་སྤྲོད་ཀྱི་ཡོད་མེད་དེ་ཡང་དོགས་གནས་སུ་ལུས་ཡོད་པར་སྣང་། ང་རང་གིས་གཏམ་ངན་འདི་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཚགས་ཤོག་གསར་འགོད་པ་དག་གིས་གཅིག་རྗེས་གཉིས་མཐུད་དུ་གཏམ་ངན་འདི་བསྒྲགས་དེ་འོང་དུས། གཏམ་ངན་ནི་དོན་
    དངོས་མིན་འགྲོ་སྙམ་ནས་སེམས་འཁུར་འདུག་ན། དྲ་གྲོགས་ཁྱེད་ཅག་ལ་ཡང་ང་དང་འདྲ་མཚུངས་ཀྱི་སེམས་འཁུར་ཡོད་ངེས་རེད། དྲ་གྲོགས་ཚོ་ཁྱེད་ཅག་གིས་རང་རང་གནས་སའི་ཁོར་ཡུག་གི་ཚགས་ཤོག་གསར་འགོད་པ་དང་རང་དབང་གསར་འགོད་པ་སུ་དང་འབྲེལ་འདྲིས་ཡོད་ན་དེ་རུ་འབྲེལ་བ་བཟུང་དེ་གནས་ཚུལ་འདི་གསལ་གསལ་དངས་དངས་བཟོ་བར་འགན་རེ་འཁུར་རོགས་ཞུ།