དགེ་འདུན་པ་བཀྲ་བྷེ་ལགས་ད་ལྟ་སི་ཁྲོན་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་ཡོད་འདུག་ལ། ཁོང་གི་རྨས་སྐྱོན་དྲག་སྐྱེད་ཙམ་བྱུང་ཡོད་ཀྱང༌། རྒྱ་གཞུང་གིས་ནང་མིར་རྩིས་སྤྲོད་བྱེད་ཀྱིན་ཡོད་པ་མ་རེད་ཟེར།
ཕྱི་ཟླ་ ༢ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེག་གཏོང་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་དང། དེའི་རྗེས་ནང་མི་ཚོར་བཀྲ་བྷེ་ལགས་ཀྱི་རྐང་ལག་མ་བཅད་ན་སྲོག་ཉེན་ཡོད་ཚུལ་བརྗོད་ཡོད་ཀྱང། ནང་མི་ཚོས་ངོས་ལེན་བྱས་མེད་པ་དང་རྒྱལ་སྤྱིའི་སྟེང་ནས་གནོན་ཤུགས་སླེབས་པ་སོགས་ཀྱིས་སྐབས་དེར་ཁོང་གི་རྐང་ལག་བཅད་མེད་ལ། ད་ཆར་ཁོང་སི་ཁྲོན་ཁྲིན་ཏུའུ་ས་ཁུལ་གྱི་སྨན་ཁང་ཞིག་ཏུ་ཡོད་ཚུལ་འདུག་ཀྱང། མི་སུ་ཡང་ཐུག་འཕྲད་བྱེད་དུ་འཇུག་གིན་ཡོད་ཚོད་མི་འདུག ནང་མི་དང་ཁོང་དང་འབྲེལ་ཡོད་ཚོས། ད་ལྟ་ཁོང་གི་རྨས་སྐྱོན་དྲེག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་ཆོག་ཀྱང། ད་དུང་ཁོང་གི་ལུས་སྟེང་དུ་མེ་མདའི་རྨ་ཤུལ་ལུས་ཡོད་སྟབས། རྒྱ་གཞུང་འབྲེལ་ཡོད་ཚན་པས་ནང་མིར་རྩིས་སྤྲོད་མ་བྱས་པར་བཙོན་པ་ལྟ་བུར་བཀག་ཉར་བྱས་ཡོད་པ་རེད། ཅེས་བརྗོད་ཀྱིན་ཡོད་འདུག
དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་གནད་དོན་དང་འབྲེལ་ཏེ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་སམ། འཇང་ཁོ་ཞུ་བ་ཕྱི་ཟླ་ ༣ ཚེས་ ༣ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པས་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། དེའི་རྗེས་ཁོང་གི་ནང་མི་གཉེན་འབྲེལ་ཚོས་རྔ་བ་རྫོང་དང་ཁུལ། སི་ཁྲོན་ཞིང་ཆེན་བཅས་སུ་རྩད་གཅོད་བྱས་ཀྱང། ད་བར་འཇམ་དབྱངས་ཕུན་ཚོགས་ལགས་གར་ཡོད་དང་། གནས་སྟངས་ཅི་ཆགས་གསལ་ཁ་གང་ཡང་བྱུང་མེད་སྟབས། ས་གནས་བོད་རིགས་མང་ཚོས་ཁོང་གི་འཆི་གསོན་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་འདུག
གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་ནི་ད་ལྟ་རང་ལོ་ ༣༥ ཡིན་ཞིང། ཕའི་མིང་ལ་རྡོ་རྗེ་དང་མའི་མིང་ལ་སྒྲོན་པེ། སྐྱེས་ཡུལ་རྔ་བ་ཇོ་ལེབ་ཡིན་འདུག ཆུང་ངུ་དུས་ནས་རྔ་བ་ཀིརྟི་དགོན་པར་བསླབ་པ་སློབ་གཉེར་གནང་བཞིན་པའི་གྲྭ་བ་དཀྱུས་མ་ཞིག་ཡིན་ཡང། ཉེ་ཆར་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་སྟེང་གནས་ཚུལ་སྤེལ་བའི་ནང། གྲྭ་འཇམ་དབྱངས་ཕུན་ཚོགས་ཀྱིས། བཀྲ་བྷེ་ཡི་གནས་ཚུལ་ཁག་ཕྱི་རྒྱལ་དུ་བཏང་བ་དང། དེ་ལྟར་བྱེད་དོན་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཡོང་ཆེད་ཡིན་པ་སོགས་ངོས་ལེན་བྱས་ཡོད་ཚུལ་བཀོད་ཡོད་འདུག
གོང་གི་གནས་ཚུལ་འདི་ནི་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་ཁོ་སྤྲོད་བྱས།