བོད་ནང་གི་སློབ་ཆེན་བུད་མེད་དགེ་རྒན་ཚོས་རང་ངོས་ནས་རྩ་འཛུགས་བྱས་ཏེ། སློབ་ཆེན་བུ་མོ་ཚོའི་ནུས་ཤུགས་གསོ་སྐྱོང་བྱ་བའི་བགྲོ་གླེང་ཚོགས་འདུ་ཞིག་་རྒྱུན་སྐྱོང་གིན་ཡོད་འདུག
《གངས་ཅན་སྐྱེས་མའི་ཚགས་པར》གྱི་རྩོམ་སྒྲིག་པ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་དང་། མགོན་པོ་འཚོ། སྐལ་བཟང་འཚོ་གསུམ་གྱིས་དེང་གི་སློབ་ཆེན་བོད་མོ་ཚོའི་སློབ་སྦྱོང་བྱེད་ཐབས་དང་། འོས་འགན་འཁུར་བའི་དམིགས་ཡུལ་ཇེ་གསལ་ལ་གཏོང་ཆེད། རང་ངོས་ནས་རྩ་འཛུགས་བྱས་ཏེ་ སློབ་ཆེན་བུ་མོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ”ཞིག་ཐེངས་གཉིས་ལ་འཚོགས་ཡོད་འདུག ཚོགས་ཐོག་ཏུ་སློབ་མ་བུ་མོ་ཚོར་སློབ་གསོ་མྱོང་ཐབས་དང་བསམ་གཞིགས་གཏོང་སྟངས། ཆེད་ལས་གཉེར་ཐབས་དང་རྩོམ་ཡིག་འབྲི་སྟངས། འཕྲོད་བསྟེན་དང་སེམས་ཁམས་བཅས་ཀྱི་ཐད་ལ་བགྲོ་གླེང་དང་མཛུབ་སྟོན་གནང་ཡོད་འདུག་ལ། ལྷག་པར་རང་རྐྱ་འཕེར་བའི་འདུ་ཤེས་དང་ནུས་པ་བསྐྱེད་ཐབས་བཅས་ཀྱི་ཐད་ནས་བགྲོ་གླེང་བྱས་ཡོད་འདུག ཐོག་དང་པོའི་འདུ་འཛོམས་སྐབས་རྒན་དཔལ་མོས་སློབ་ཆེན་བུ་མོ་ཚོར་རང་རྐྱ་འཕེར་བའི་འདུ་ཤེས་དང་ནུས་པ་བསྐྱེད་ཐབས་ཀྱི་སྐོར་དང་། རྒན་སྐལ་བཟང་འཚོས་དེང་རབས་སློབ་ཆེན་པས་དྲ་ངོས་ནས་ཇི་ལྟར་ཤེས་བྱ་བསྡུ་ལེན་བྱེད་ཐབས། རྒན་མགོན་པོ་འཚོས་གཙོ་བོ“དེང་རབས་མཐོ་རིམ་སློབ་གསོ་དང་སློབ་ཆེན་བུ་མོ”ཞེས་པའི་ཁ་བྱང་ལྟར་བུ་མོ་ཚོས་སློབ་གསོ་མྱོང་བའི་དམིགས་ཡུལ་དང་དགོས་པ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག
འདུ་འཛོམས་ཐེངས་གཉིས་པའི་སྐབས་སུ་ཚོགས་འདུའི་རྣམ་པ་བརྗེ་སྟེ། སྤྱི་ཚོགས་སྟེང་གི་ལས་གནས་མི་འདྲ་བའི་བུད་མེད་སྐོར་ཞིག་ཀྱང་ཚོགས་འདུར་ཞུགས་ཡོད་པ་དང་། རང་ རང་གི་སྤྱི་ཚོགས་ཉམས་མྱོང་དང་མི་ཚེའི་ལྟ་ཚུལ་བཏོན་ཡོད་འདུག བགྲོ་གླེང་ཐོག་སློབ་ཆེན་བུ་མོ་ཚོས་སློབ་གསོ་མྱངས་ཤིང་རིག་གནས་སྦྱངས་པ་བརྒྱུད་དེ། རང་རློམ་དང་རང་ཚུགས་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་ཐབས་དང་། རང་རྐྱ་འཕེར་བའི་བསམ་གཞིགས་ཀྱི་ནུས་རྩལ་ཇེ་ཆེར་བསྐྱེད་པར་ཤུགས་སྣོན། ལས་ཞུགས་འགྲན་རྩོད་ཁྲོད་རང་ནུས་སྔོག་འདོན་བྱས་ཏེ་འཇོན་ཐང་ངོམས་ཕོད་པ། མ་འོངས་འཚོ་བའི་དམིགས་ཡུལ་གསལ་བོ་བྱ་དགོས་པ་སོགས་ཀྱི་ཐད་ནས་འདུ་ཤེས་དང་གོ་རྟོགས་ཇེ་མཐོར་གཏོང་བའི་བརྗོད་བྱ་གཙོར་བཟུང་སྟེ། ཚན་ཁག་བཀར་ནས་བསམ་བློ་བརྗེ་རེས་སམ་ཕན་ཚུན་བློ་འདྲི་གྲོས་བསྡུར་བྱས་ཡོད་འདུག བགྲོ་གླེང་ལ་ཞུགས་མཁན་ཚོས་འདི་འདྲའི་བྱ་འགུལ་སྤེལ་བ་བརྒྱུད་ནས་རང་ལ་ཕྱོགས་ཡོངས་ནས་བློ་བསྐྱེད་དང་གོང་འཕེལ་ཡོད་པ་མ་ཟད། ད་ལྟའི་སློབ་སྦྱོང་བྱེད་ཐབས་དང་མ་འོངས་འཚོ་བའི་དམིགས་འདུན་ཇེ་གསལ་ལ་གཏོང་ཐུབ་སྟབས། དགེ་རྒན་རྣམ་པས་བྱ་འགུལ་འདི་མུ་མཐུད་དུ་སྤེལ་དགོས་ཟེར་ཏེ་རེ་བ་བཏོན་ཡོད་འདུག