འཇིཊ་མེད་རྒྱ་མཚོ་གློད་འདུག

ཀླུ་འབུམ་བཀྲ་ཤིས་ཀྱི་ཟིན་བྲིས་ལས་བཤུས།

སྤྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་གསུམ་པ་དང་ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༤ བཅས་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཐེངས་གཉིས་ལ་འཛིན་བཟུང་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་བ་ལྟར་བཀག་ཉར་བཙོན་འཇུག་བྱས་པའི་མདོ་སྨད་བླ་བྲང་དགོན་པའི་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཉིན་གཉིས་སྔོན་གྱི་སྔོན་ཏེ། ཕྱི་ཟླ་ ༥ བའི་ཚེས་ ༣ རེས་གཟའ་ཉི་མ་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཙམ་ལ་གློད་ནས་བླ་བྲང་དགོན་པར་བདེ་འབྱོར་བྱུང་ཡོད།
 འཇིགས་མེད་རྒྱ་མཚོ་ནི་དེ་སྔོན་བླ་བྲང་དགོན་པའི་དགོན་པའི་བདག་གཉེར་ཁང་གི་འགོ་གཙོ་གཞོན་པ་ཡིན་པ་དང་། ༢༠༠༦ ལོར་རྒྱ་ནག་གི་ཁྲིམས་མཐུན་ཕྱི་བསྐྱོད་ལག་ཁྱེར་བཟོས་ནས་༧རྒྱལ་དབང་རིན་པོ་ཆེའི་མདུན་ནས་དུས་འཁོར་དབང་ཆེན་ཞུས་ཏེ་ཕྱིར་ཕ་ཡུལ་ལ་ལོག་པ་དང་བསང་ཆུ་རྫོང་སྤྱི་བདེ་ཉེན་རྟོག་ཚན་པས་འཛིན་བཟུང་གིས་ཉིན་ ༤༠ ལྷག་ལ་བཀག་བསྐྱིལ་བྱས་རྗེས་དཔང་རྟགས་ཀྱིས་ཕོངས་ཏེ་གློད་དཀྲོལ་བཏང་ཡོད། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཁོང་བླ་བྲང་གི་བོད་མི་ཚོའི་བོད་རང་དབང་ཞི་རྒོལ་ཁྲོམ་སྐོར་གྱི་ནང་ཞུགས་མེད་ན་ཡང་ཁོང་ཉིད་ངོ་རྒོལ་གྱི་ཇུས་འགོད་པར་དོགས་ནས་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་གིས་ཟླ་གཉིས་ཀྱི་རིང་བཀག་ཉར་དང་ཡ་ང་བའི་གཅར་རྡུང་འདྲི་གཅོད་བྱས་ཤིང་སྨན་ཁང་དུ་ཡུན་རིང་ལུས། དེ་ནས་ཟླ་ཕྱི་ཟླ་ ༩ ཚེས་ ༣ ཉིན་ཁོང་ནས་སྒེར་གྱི་ཚེ་སྲོག་དང་ཉེན་ཁར་མ་འཛེམ་པར་བོད་ནང་རྒྱ་ནག་གི་དྲག་གནོན་ཐད་གྱི་གནས་ཚུལ་དངོས་དང་། བཙོན་ཁང་ནང་གི་དཀའ་སྡུག་དང་རང་ཉིད་ལ་ཉེན་རྟོག་པས་མནར་གཅོད་ཅི་བཏང་འཛམ་གླིང་ཡོངས་སུ་འཇིགས་པ་སྤུ་ཙམ་མེད་པའི་ངང་ཁྱབ་བསྒྲགས་བྱས། དེ་ལ་བརྟེན་ཕྱི་ཟླ་ ༡༡ ཚེས་ ༤ གཟའ་མིག་དམར་ཉིན་རྒྱབ་ཆུ་ཚོད་དང་པོར་རང་གི་གཟིམ་ཤག་ནང་བཞུགས་སྐབས། ཉེན་རྟོག་དམག་མི་༧༠ ལྷག་གིས་ཁང་པའི་མཐའ་སྐོར་ཏེ་འཛིན་བཟུང་བྱས་ཏེ་ད་བར་གར་སོང་ཆ་མེད་ལྟ་བུར་བཀག་ཉར་བཙོན་འཇུག་བྱས་བ་རེད། བོད་ནས་འབྲེལ་ཡོད་མི་སྣས་བཤད་ན་ད་ཐེངས་ཁོ་ལ་སྔོན་མ་ནང་བཞིན་གྱི་གཅར་རྡུང་བཏང་མེད་ཀྱང་སྐུ་གཟུགས་གྱི་གནས་སྟངས་སྐྱོ་བོ་ཡིན་པ་ངོ་སྤྲོད་བྱས་བྱུང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “འཇིཊ་མེད་རྒྱ་མཚོ་གློད་འདུག

  1. ཨ་མའི་གཅེས་ཕྲུག

    གངས་རིའི་དཔའ་རྒོད་ལགས། སྐུ་ངལ་ཆེ་འམ། ཁྱེད་ནི་ང་ཚོའི་སེམས་ནང་གི་གཅེས་ཕྲུག་ཡིན་ལ་གངས་རིའི་ལ་རྒྱ་འཛིན་མཁན་གྱི་དཔལ་རྒོད་ཡང་ཡིན། གང་ལྟར་གཟབ་གཟབ་བྱོས།

  2. ལྷ་ཆབ་སྦྱིན་པ།

    དཔའ་རྒོལ་དམ་པ་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁོང་ནིངེས་པ་དོན་གྱིས་དཔའ་བོ་ཞིག་ཡིན་པ་ལས། ཁ་ཁོ་ནའི་དཔའ་བོ་དེ་འདྲ་རྩ་བ་ནས་མིན། ཁོང་གི་བདེ་སྡུག་ལ་ང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས། ད་ཐེངས་གློད་པ་ལ་ཡང་རྒྱུ་མཚན་ཞིག་ཡོད་ངེས་ཡིན། ནམ་ཉི་མ་ཞིག་ལ་ཡང་ནག་མེར་རེར་བུད་འགྲོ་ངེས།