བརྗེད་དཀའ་བའི་གངས་ལྗོངས་ཀྱི་དཔའ་བོ་ཚོ།

                      
ང་ཚོས་༧གོང་ས་མཆོག་དང་མཁས་དབང་དམ་པ་དག་གི་རེ་བ་སྟོང་ཟད་དུ་མི་གཏོང་བར། བོད་མི་རིགས་ཀྱི་རིག་གནས་འདི་འཛམ་གླིང་རིག་གནས་ཀྱི་བང་མཛོད་དུ་སླེབས་པར་ཧུར་བརྩོན་བྱ་དགོས་ཞེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་བརྗོད་བྱུང་།
 
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང། བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་ཁོང་གིས་ཕྱོགས་སྒྲིག་མཛད་པའི་༼གངས་ལྗོངས་རིག་པའི་དཔའ་བོའི་ཁྱུ་མཆོག༽ཅེས་པའི་དཔེ་དེབ་དེ་བཙན་བྱོལ་བོད་མིའི་གསར་འགོད་པ་འདུ་འཛོམས་ཐོག་རྩོམ་པ་པོ་རང་ཉིད་ནས་དབུ་འབྱེད་གནང་བ་དང་འབྲེལ་གསར་འགོད་གསལ་བསྒྲགས་གནང་སོང་ལ།  ཁོང་གིས། དེབ་འདི་ཕྱོགས་སྒྲིག་བྱས་པའི་དམིགས་ཡུལ་ནི། ༡༩༤༩ ལོ་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་མགོ་ཚུགས་ཤིང། ༡༩༥༩ ལོར་བོད་ས་ཡོངས་བཙན་བཟུང་བྱས་པར་བརྟེན་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་པའི་ཡ་ང་བའི་གནས་སྟངས་ཆགས་ཤིང་། ཆོས་ཕྱོགས་ཀྱི་མི་སྣ་མང་པོ་ཞིག་ཀྱང་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་བཟོད་མ་ཐུབ་པར་རང་ཤི་རྒྱག་དགོས་བྱུང་ཡོད། ཧ་ཅང་མུན་ནག་གི་དུས་སྐབས་དེའི་ཁྲོད་བོད་མིའི་རླབས་ཆེན་གྱི་དབུ་ཁྲིད་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས། ༡༩༦༡ ལོར་བོད་མདོ་དབུས་ཁམས་གསུམ་གྱི་བོད་མིའི་བདེ་སྡུག་ཡིག་ཐོག་ཏུ་བཀོད་དེ་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ཡང། རྒྱ་གཞུང་གིས། སྐབས་དེའི་ནོར་འཁྲུལ་གྱི་སྲིད་བྱུས་ངོས་ལེན་མེད་པ་མ་ཟད། ཉེས་འཛུགས་ཀྱིས་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་མི་ལོ་ ༩ རིང་བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། རིག་པའི་དཔའ་བོ་མཁས་དབང་ཚེ་བརྟན་ཞབས་དྲུང་དང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། མཁས་དབང་དམུ་དགེ་བསམ་གཏན། མཁས་དབང་ཁྲོ་རུ་ཚེ་རྣམ། མཁས་དབང་གཉན་ཤུལ་མཁྱེན་རབ་འོད་ཟེར། མཁས་དབང་རྡོ་རྗེ་རྒྱལ་པོ་བཅས་ཉེས་འཛུགས་ཀྱིས་མི་ལོ་དུ་མའི་རིང་ལ་བཙོན་འཇུག་བྱས་པ་དང་། འགའ་ཞིག་ལ་སྲོག་ཁྲིམས་བཅད་ཡོད། ཡིན་ནའང། ༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཙོན་གྲོལ་ཐོབ་རྗེས། དུང་དཀར་བློ་བཟང་འཕྲིན་ལས་མཆོག་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་ལོ་རྒྱུས་རིག་པའི་གཙོ་འགན་བཞེས། ཚེ་བརྟན་ཞབས་དྲུང་མཆོག་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་བོད་བརྒྱུད་ནང་བསྟན་གྱི་གཙོ་འགན་བཞེས། དམུ་དགེ་བསམ་གཏན་མཆོག་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་བོད་བརྒྱུད་ནང་བསྟན་གྱི་གཙོ་འགན་བཞེས། རྡོ་རྗེ་རྒྱལ་པོ་མཆོག་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་པ་དང་ལོ་ཙཱ་བའི་གཙོ་འགན་བཞེས། གཉན་ཤུལ་མཁྱེན་རབ་འོད་ཟེར་མཆོག་གིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་བོད་ཀྱི་བརྡ་སྤྲོད་རིག་པའི་གཙོ་འགན་བཞེས་ཏེ། ཁོང་རྣམ་པས་བོད་རིགས་སློབ་མ་གསོ་སྐྱོང་དང་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་རྒྱུད་འཛིན་ཆེད་རང་ཉིད་ཀྱི་སྐུ་ཚེ་བསྟིམས་ཤིང་མཛད་རྗེས་བླ་མེད་བཞག་པ་རེད། དེ་བས། ང་རང་གིས་དམ་པ་དེ་དག་གི་བཀའ་དྲིན་རྗེས་དྲན་དང་བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོར་ཁོང་རྣམ་པའི་མཛད་རྣམ་ངོ་སྤྲོད་དང། བཙན་བྱོལ་བོད་མི་ཚོས་༧གོང་ས་མཆོག་དང་གཞིས་ལུས་བོད་མིའི་རེ་བ་སྟོང་ཟད་དུ་མི་གཏོང་བར་། ཁོང་རྣམ་པའི་རེ་བ་ཇི་བཞིན་བོད་མི་རིགས་ཀྱི་རིག་གནས་འདི་འཛམ་གླིང་རིག་གནས་ཀྱི་བང་མཛོད་ནང་སླེབས་ཐུབ་པའི་རེ་བ་དང་འབོད་སྐུལ་ཞུ་ཆེད་ཡིན། ཅེས་བརྗོད་བྱུང་ལ། ཡང་། དེབ་འདིའི་ནང་གོང་གསལ་མཁས་དབང་དྲུག་གི་མཛད་རྣམ་སྙིང་བསྡུས་སུ་བཀོད་ཡོད་ལ། རྗེས་སུ་མུ་མཐུད་འདི་ལྟ་བུའི་དཔེ་དེབ་ཕྱོགས་སྒྲིགས་བྱ་འཆར་ཡོད། ཐེངས་འདིའི་དཔེ་དེབ་ནི་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་བཀྲམས་རྒྱུ་ཡིན། ཅེས་བརྗོད་བྱུང།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “བརྗེད་དཀའ་བའི་གངས་ལྗོངས་ཀྱི་དཔའ་བོ་ཚོ།

  1. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ།

    རྒན་བག་འགྲོ་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་དེབ་འདི་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་མཛད་རྗེས་རླབས་ཆེན་ཞིག་ཡིན་ན་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།

  2. གངས་རིའི་གླིང་བུ།

    ་ རྒན་བག་གྲོ་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་བདེ་འདི་འདྲའི་རིགས་དང་ལྷག་པར་ཏུ་དགྲ་ནག་དམར་པོ་གཞུང་གི་བཙོན་ཁང་དུ་མནར་གཅོད་དང་རྡུང་རྡེག་གི་དཀའ་སྡུག་མྱོང་ཚོར་བྲིས་བའི་རྩོམ་ཡིག་ཁག་ངེས་པར་ཏུ་ང་ཚོའི་སྤྱི་ཚོགས་ནང་དུ་འགྲེམས་སྤེལ་བྱེད་རྒྱ་གལ་ཆེན་རེད་བསམ་་་་་དཔེར་ན་་་་རྒྱལ་གཅེས་བ་བཛྲ་
    འཕྲིན་ལས་ཀྱིས་བྲིས་རྩོམ་གནང་བའི་《ཕྱིར་དྲན་གྱི་ལོ་ཟླ་སྐྱུར་མོ་》་་ལྟ་བུ་ཞིག་མགོ་ནས་འཇིག་བར་ཏུ་གཅིག་ཀློག་ཐུབ་ན་བསམ་ལ་བག་ཆགས་ཟབ་མོ་ཞིག་འཇོག་པ་སྨྲས་མི་དགོས།་་ང་ལྟ་བུ་མཚོན་ན་ད་དུང་ཡང་དཔེ་ཆ་དེའི་བག་ཆགས་ཀྱི་དབང་གིས་སེམས་ལ་སྡུག་བསྔལ་ཞིག་ད་་དུང་ཡལ་ཐབས་མི་འདུག་

  3. ཐོག་མར་གྲྭ་བག་བྲོས་འདི་འདྲ་ཞིག་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་དང༌། ཐུགས་རྗེ་ཆེ་ཞུ།

    དེ་ནས་གསར་གནས་འདི་འབྲི་མཁན་ལ་དྲི་བ་གཅིག་དང་རེ་སྐུལ་གཅིག་ཡོད། ༼ཚེ་བརྟན༽་ཞབས་དྲུང་ཞེས་བྲིས་འདུག་པར་སྒྲ་བཤད་གཞན་ཡོད་དམ་ཅི། མཁས་དབང་ཁོང་གིས་རང་གི་བྱུང་བ་བརྗོད་པའི་ནང༌། ༼ཚེ་ཏན་༽ཞེས་བྲིས་གནང་འདུག དེར་སྒྲ་བཤད་ཀྱང་བཀོད་དེ་འདུག ཁོང་གི་གསུང་རྩོམ་རྣམས་ཀྱི་མགོ་མཇུག་ཏུའང༌། ཚེ་ཏན་ཞེས་བྲིས་གནང་ཡོད་པ་ལས། ཚེ་བརྟན་ཅེས་ནི་བྲིས་མི་འདུག ཚེ་ཏན་དང་ཚེ་བརྟན་གྱི་གོ་དོན་ལ་གནམ་སའི་ཁྱད་ཡོད་པས་དེར་ལན་ཞིག་ལྡོན་རོགས་ཞུའོ།། རེ་སྐུལ་ནི། ཕྱོགས་༼བསྒྲིགས་༽མཛད་ལ་ཕྱོགས༼སྒྲིག༽་མཛད། བཙན་འཛུལ་༼བྱེད་༽མགོ་ཚུགས་ལ་བཙན་འཛུལ་༼བྱས༽མགོ་ཚུགས་ཞེས་སོགས་ནོར་ནས་བྲིས་འདུག་པ་དག་བཅོས་ཤིག་ཀྱང་གནང་འཚལ་ཞུའོ།།