༡༩༦༤ གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    མི་ལོ་དགུའི་རིང་ཞི་བདེར་གཅེས་པའི་རང་ཅག་བོད་མི་རྣམས་ནས་བཙན་འཛུལ་མཁན་དང་མཉམ་དུ་ཞི་མཐུན་ལྷིངས་འཇགས་ཡོང་ཐབས་ཞི་བས་འབད་སྒྲུབ་ཇི་ལྟར་བགྱིས་ཀྱང་བཙན་འཛུལ་མཁན་གྱི་འདོད་རྔམས་དྲག་ཤུགས་ཅན་དེ་ནམ་ཡང་ཁེངས་ཐབས་མ་བྱུང་ཞིང༌། བོད་ནང་ངན་ཤུགས་བཙན་གནོན་རྒྱ་ཆེ་བྱུང་སྟེ་མཐའ་མ་མཚོན་བྲལ་ལྷ་སའི་མི་མང་ནས་ངོ་རྒོལ་སྒེར་ལངས་ཀྱིས་བོད་ས་གནས་གང་སར་ལྷག་བསམ་དང་རུས་ཞེན་འགོག་ཏུ་མེད་པས་རང་དབང་གི་ལས་འགུལ་ཀུན་ཏུ་ཁྱབ་པ་བྱུང༌། དེ་ལ་རྒྱ་དམར་ནས་བོད་མི་སྟོང་ཕྲག་མང་པོ་ཡ་ང་སྙིང་རྗེ་མེད་པར་བསད་བརྡུང་རྩ་མེད་བཏང་བ་དང༌། དེ་བཞིན་སྟོང་ཕྲག་མང་པོ་རང་དགར་སྡོད་པའི་གནས་མེད་པར་བྱས་ཏེ་དཀའ་ཉེན་གཉིས་ཆེའི་སྒོ་ནས་བོད་མི་སྟོང་ཕྲག་མང་པོ་ཉེ་འདབས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འཁྱར་འཐོར་བྱུང་སྟེ་ད་སྐབས་སུའང་ཀླ་ཀློའི་བྱ་ངན་མི་བཟད་པ་ལག་ལེན་དུ་བསྟར་དང་བསྟར་མུས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང༌། བོད་མི་རིགས་བཅས་པ་རྩ་བརླག་ཏུ་གཏོང་བའི་ཚབས་ཆེན་གྱི་བྱ་བར་བོད་མི་མང་ནས་འཐབ་འཛིངས་བྱེད་བཞིན་ཡོད།

    དེ་རིང་ངའི་མི་མང་ནས་སྒེར་ལངས་བྱས་ཏེ་དུས་ཡུན་ལོ་ལྔ་སོང་བའི་དྲན་གསོའི་དུས་ཆེན་འདིར་ངེད་ཅག་གི་བསྟན་པ་དང༌། ཆབ་སྲིད་ཀྱི་དོན་དུ་འཐབ་འཛིངས་ཤུགས་ཆེ་བྱས་ཏེ་རྒྱ་དམར་གྱི་མཚོན་འོག་ཏུ་རྐྱེན་འདས་གྱུར་པ་རྣམས་ལ་ང་ཚོས་རྗེས་དྲན་བསྟོད་བསྔགས་ཞུ་དགོས་པ་དང༌། དགྲ་བོར་འཐབ་རྒོལ་བྱེད་མཁན་རྣམས་ཀྱི་ཆེད་དུ་དམིགས་བསལ་གྱིས་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་སྨོན་འདེབས་ཞུ་རྒྱུ་དང༌། ངའི་མི་མང་ནས་ཆོས་མེད་བཙན་ཤུགས་ཅན་ལ་དཔའ་མཛངས་དང་ལྡན་པའི་ཞུམ་པ་མེད་པའི་ཁ་གཏད་གཅོག་པར་བསྔགས་བརྗོད་དང༌། རྒྱལ་ཁ་ཐོབ་པར་ཡང་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོའི་མདུན་ལམ་དེ་བཞིན་ཐག་རིང་དཀའ་ངལ་ཆེ་བ་ཞིག་ཡོང་སྲིད་ཀྱང༌། མཐར་ཐུག་བདེན་པར་ངེས་པར་རྒྱལ་ཁ་ལོན་པའི་ཡིད་ཆེས་ཡོད།

    རང་རིགས་བོད་མི་སྟོང་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང༌། ལྷག་པར་རྒྱ་གར་འཕགས་པའི་ཡུལ་དུ་བྲོས་འབྱོར་སྐྱབས་བཅོལ་ཐོབ་ཀྱང་སྐྱབས་བཅོལ་བའི་གནས་ཚུལ་དེ་ཡང་ཧ་ཅང་གི་དཀའ་ངལ་ཅན་ཞིག་ཡིན། ད་བར་རྒྱ་གར་གཞུང་གིས་གཙོས་མཛའ་མཐུན་རྒྱལ་ཁབ་ཁག་གི་རོགས་རམ་ལ་བརྟེན་དཀའ་ངལ་མང་དག་ཅིག་སེལ་ཐུབ་པ་བྱུང་ཡང༌། ཕ་མའི་གཅེས་སྐྱོང་བྲལ་བའི་བུ་ཕྲུག་བདག་སྤྲོད་བྱེད་རྒྱུས་མཚོན་པས་ད་དུང་ལས་དོན་རྒྱ་ཆེ་བྱེད་རྒྱུ་བསྡད་ཡོད།

    ངའི་རེ་འདུན་ལ་རྒྱ་གར་དང༌། དེ་མིན་ས་གནས་གང་སར་ཡོད་པའི་ང་ཚོའི་མཛའ་གྲོགས་རྣམས་ཀྱི་རོགས་རམ་རྒྱབ་སྐྱོར་ཐོག་ནས་ཕྲུ་གུ་རྣམས་ལ་མེད་དུ་མི་རུང་བའི་ཤེས་ཡོན་སློབ་སྦྱོང་ཐོབ་ཐུབ་པའི་རེ་བ་ཡོད། དེ་རིང་གི་དུས་སྐབས་འདིར་རྒྱ་དམར་ཀླ་ཀློའི་མནར་གཅོད་འོག་ནས་ཐར་བ་རྣམས་ལ་བརྗོད་རྒྱུར། ངེད་ཚོ་ནས་རང་རང་སོ་སོའི་ཁེ་ཕན་གཅིག་པུ་མ་ཡིན་པར་གཞིས་ལུས་བོད་མི་སྤུན་གྲོགས་ཡོངས་རྫོགས་ཀྱི་ཁེ་ཕན་གྱི་དོན་དུ་འབད་བརྩོན་ངེས་པར་བྱེད་དགོས་པ་མ་ཟད། དཀའ་ཉེན་ཆེ་བའི་དུས་ཚོད་འདི་ལྟ་བུར་བོད་ལ་མི་མང་ནས་ཆོས་སྲིད་རང་དབང་གི་ཆེད་དུ་རྒྱུན་མི་ཆད་པའི་འཐབ་འཛིངས་བྱེད་བཞིན་ཡོད་པར་ང་ཚོས་རྒྱབ་གནོན་རོགས་རམ་གང་ཐུབ་བྱེད་དགོས་པ་ནི་རང་ཅག་ཚང་མར་འཁྲི་བའི་ལས་འགན་ཡིན།

    ད་ལམ་གྱི་གོ་སྐབས་འདིར་ངས་བོད་མི་མང་གི་ཚབ་བྱས་ཏེ་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་ལ་རྒྱབ་གཉེར་གནང་མཁན་རང་དབང་ལ་གཅེས་པའི་རྒྱལ་ཁབ་ཚང་མ་དང༌། ལྷག་པར་མ་ལ་ཤེ་ཡ་དང༌། ཐའི་ལན། ཨར་ལན། ཨལ་སེ་ཝ་ཌོར་བཅས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཚོགས་ནས་གཏན་འབེབས་བྱས་པའི་གྲོས་ཆོད་དང་པོའི་ནང་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་པར་བརྩི་འཇོག་དགོས་རྒྱུའི་འབོད་བསྐུལ་དང༌། གྲོས་ཆོད་གཉིས་པའི་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐེ་བའི་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་འཕྲོག་པའི་བྱ་སྤྱོད་མཚམས་འཇོག་དགོས་ལུགས་བསྐྱར་དུ་འབོད་བསྐུལ་གནང་བ་མ་ཟད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྣམས་ནས་གྲོས་ཆོད་འདིའི་དོན་གནད་རྣམས་འགྲུབ་ཕྱིར་ཐབས་ཤེས་ཅི་ཡོད་ཕྱག་ལེན་མཛད་རྒྱུའི་རེ་འདུན་ཞུ་རྒྱུ་ཞེས་འཁོད་ཡོད་ཅིང༌། རང་ངོས་ནས་ཀྱང་རྒྱ་དམར་གཞུང་ལ་བོད་མིར་མི་སྤྱོད་ལས་འདས་པའི་བཙན་གནོན་མཚམས་འཇོག་དང༌། བོད་དོན་ཞི་འཇམ་འགྲིགས་འཇགས་ཡོང་བའི་འབོད་བསྐུལ་བྱས་ཀྱང༌། བློ་ཕམ་པ་ཞིག་ལ་རྒྱ་དམར་གྱི་བྱ་སྤྱོད་ལ་འགྱུར་བ་སྤུ་ཙམ་མེད་ཁར་ད་དུང་བཙན་དབང་རིང་ལུགས་དང༌། མི་སེར་སྤེལ་སྲོལ་རིང་ལུགས་ལ་ངོ་རྒོལ་སོགས་རྫུན་གཏམ་ཧམ་བཤད་ཀྱིས་འཛམ་གླིང་ཁྱོན་ནས་རྒྱབ་གཉེར་ཡོང་ཐབས་ཧམ་པ་དཔུང་ངོམ་བྱེད་ཀྱི་ཡོད་པར་བརྟེན། ངེས་པར་བརྗོད་དགོས་པ་ཞིག་ལ་ཆབ་སྲིད་མཁས་སྙན་གྲགས་ཅན་ཞིག་ནས་ད་ལྟའི་རྒྱ་དམར་གྱི་སྲིད་གཞུང་འདི་ནི་མི་སེར་སྤེལ་སྲོལ་རིང་ལུགས་པ་སྡུག་ཤོས་ཡིན་པ་རེད་ཅེས་གསུངས་པ་དེ་དོན་ལ་གནས་པ་ཡིན་ཞིང༌། ལྷོ་ཨབ་རི་ཀའི་ནང་མི་རིགས་ནག་པོར་བཙན་གནོན་བྱས་པར་འཛམ་གླིང་རང་དབང་རྒྱལ་ཁབ་ཁག་ནས་དྲང་ཞིང་བདེན་པའི་ངོ་རྒོལ་བྱེད་ཀྱི་ཡོད་ཅིང༌། དེ་བས་རྒྱ་དམར་བཙན་འཛུལ་བ་རྣམས་ནས་བོད་མིར་བཙན་དབང་མནར་གཅོད་བཏང་རིགས་མི་རིགས་དབྱེ་འབྱེད་རིང་ལུགས་ལས་ཀྱང་ལན་གྲངས་སྟོང་ཕྲག་གི་གདུག་རྩུབ་ཆེ་བ་མ་ཟད། རྒྱ་དམར་ནས་བོད་ནང་སྲིད་དོན་བྱུས་ངན་གྱིས་མི་མང་ལ་མནར་གཅོད་བྱས་དང་བྱེད་བཞིན་པ་འདི་ལྟ་བུ་འཛམ་གླིང་མི་སེར་སྤེལ་སྲོལ་རིང་ལུགས་སྡུག་ཤོས་ཀྱི་འོག་ཏུའང་བྱུང་མ་མྱོང་བ་ཞིག་རེད།

    ད་ལྟ་དངོས་ཡོད་གནས་ཚུལ་ཞིག་ནན་བརྗོད་ཞུ་རྒྱུར། བོད་ཀྱི་མི་རིགས་དེ་ཁྱིམ་མཚེས་གཞན་དག་དང་ཐུན་མོང་མ་ཡིན་པ་ཞིག་དང༌། རང་གི་ཆོས་དང༌། རིག་གཞུང་ཡོད་ཁར། སྐད་ཡིག་ཀྱང་རྒྱ་མི་དང་འདྲེས་ལྷད་མེད་པ་ཞིག་ཡིན། དེར་མ་ཟད་རྒྱ་དམར་ནས་བཙན་འཛུལ་མ་བྱས་གོང་བོད་མི་རྣམས་ལོ་བཅུ་ཕྲག་མང་པོའི་རིང་རང་དབང་རང་བཙན་གཙང་མར་གནས་པ་ཡིན་ཞིང༌། གནས་ཚུལ་འདི་འདྲར་བརྟེན་འཛམ་གླིང་ནང་ཡར་ཐོན་རང་དབང་ལ་གཅེས་པའི་རྒྱལ་ཁབ་རྣམས་ནས་རྒྱ་དམར་སྲིད་གཞུང་གི་བསྒྲགས་གཏམ་ངན་པས་མ་འཁྲུལ་བར་དྲང་བདེན་གྱི་སྒོ་ནས་ང་ཚོ་བོད་མི་དཀའ་ངལ་ཅན་རྣམས་ལ་མུ་མཐུད་རོགས་རམ་གནང་སྐྱོང་ཡོད་པ་ཞུ་རྒྱུ།
    མཐའ་དོན། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཡུན་དགེ་བདེའི་དོན་དུ་བསླུ་མེད་རྒྱལ་བ་རྒྱ་མཚོར་རྩེ་གཅིག་ཡིད་ཀྱིས་གསོལ་འདེབས་ཞུ་རྒྱུ་ཡིན།།    །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply