༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    ང་ཚོས་གསུམ་བཅུའི་རྗེས་དྲན་ཡང་བསྐྱར་བྱེད་པ་འདི་ནི་བོད་མི་རིགས་ཕྱི་རྒྱལ་བཙན་དབང་གི་ལྕགས་སྒྲོག་ལས་གྲོལ་སླད་རྒྱལ་ཡོངས་ཀྱི་རྣམ་པ་ལྡན་པའི་རང་དབང་རྩོད་ལེན་གྱི་ལས་འགུལ་དོན་ལྡན་རྒྱལ་རབས་སུ་གྲགས་པ་ཞིག་བྱས་པའི་དུས་ཚེས་དེའི་ཆེད་དུ་ཡིན་ཞིང༌། དེར་མ་ཟད་དྲག་ཟིང་ཆེན་པོ་དེ་སྐབས་ལུས་སྲོག་ཆུད་ཟོས་གྱུར་པ་རྣམས་དང༌། ད་བར་ལོ་མང་རིང་བཙན་དབང་གདུག་རྩུབ་འོག་ཉེས་མེད་དུ་ལུས་སེམས་དཀའ་སྦྱོང་མྱོང་མཁན་ཁྲི་ཕྲག་མང་པོ་དེ་དག་གི་རྗེས་དྲན་ཡང་ཡིན།

    ད་ཕན་ལོ་བཅུ་ལྷག་གི་རིང་ལ་བོད་མི་རྣམས་ནས་དཀའ་སྡུག་ཚད་མེད་ཅིག་མྱང་དགོས་བྱུང་བ་དང༌། ལྷག་པར་དུ་དེང་སྐབས་རང་གི་མི་ཚེའི་འཚོ་ཐབས་ཐོག་ལ་ཡང་ཕྱི་རྒྱལ་བཙན་ཤུགས་འཇིགས་དངངས་ཀྱིས་མནར་ཏེ་བརྗོད་པར་དཀའ་བའི་དཀའ་ངལ་བྱུང་ཡོད་ན་ཡང༌། ཕྱོགས་གཞན་ནས་རྒྱ་མིའི་དབང་སྒྱུར་འོག་གནས་པ་དང༌། ཡུལ་གཞན་ནང་བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་ནུ་མང་པོའི་བསམ་བློའི་ནང་རང་གི་རྒྱལ་ཁབ་ཀྱི་སྐོར་ལ་གོ་རྟོགས་ཇེ་མཐོར་གྱུར་ཏེ་བོད་ཅེས་པའི་རྒྱལ་ཁབ་ཅིག་ཡོད་པ་དང༌། དེའི་ནང་ལ་བོད་ཀྱི་ཤེས་རིག་དར་ཡོད་པའི་གནས་ལུགས་དེ་ཁོང་ཚོས་གཞི་ནས་ཤེས་རྟོགས་གཅེས་འཛིན་བྱེད་པ་སོགས་བོད་དོན་ལ་ཕན་པའི་འགྱུར་བ་ཡང་བྱུང་ཡོད།

    བོད་ཀྱི་དངོས་ཡོད་གནས་ཚུལ་ཧ་ཅང་ཛ་དྲག་ཆེ་བ་འདི་ལ་དཔགས་ན༑ བོད་དོན་རྒྱལ་སྤྱིའི་ནང་ཤེས་རྟོགས་ཁྱབ་གདལ་འགྲོ་ཚད་དལ་དྲགས་པ་ལྟ་བུ་ཡོད་ན་ཡང༌། འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་དང༌། མི་རིགས་འདྲ་མིན། གཞུང་གི་ལྟ་སྤྱོད་ལུགས་སྲོལ་འདྲ་མིན། ས་གནས་གླིང་ཆེན་འདྲ་མིན་སྣ་ཚོགས་ནང་བོད་ཀྱི་བདེན་པའི་གནས་ཚུལ་འདི་ལོ་རེ་ནས་ལོ་རེར་ཤེས་ཁྱབ་ཇེ་ཆེར་འགྲོ་བཞིན་པ་རེད།

    དེའི་རྒྱུ་མཚན་གང་ཡིན་སྙམ་ན། བོད་མི་མང་ནས་སོ་སོའི་རང་དབང་གི་དོན་དུ་རྩོད་གླེང་བྱེད་པ་འདི་དྲང་བདེན་ཡིན་པ་དང༌། དེ་ལ་ནུས་པ་ཡོད་པ་ཤེས་མཁན་ཇེ་མང དུ་སོང་བ། བདེན་པ་དང༌། དྲང་པོ་ནི་སྦས་བཀུངས་བྱ་ཐབས་མེད་པ་བཅས་ཀྱི་རྐྱེན་ལས་བྱུང་བར་སེམས། འཛམ་གླིང་འདིར་དྲང་བདེན་ཟེར་བ་ཞིག་ཡོད་ན་མཐར་དེ་ལ་རྒྱལ་ཁ་ཐོབ་དགོས། དྲང་བདེན་ཡོད་པ་ལ་ཡིད་ཆེས་ཡོད། བློ་སྤོབས་སྐྱེ་བའི་དཔེ་མཚོན་ཞིག་ལ། ཨེ་ཤ་ཡའི་གླིང་ཆེན་ནང་ཉེ་ཆར་བང་ལ་དེ་ཤི་ཟེར་བའི་རྒྱལ་ཁབ་གསར་པ་གཅིག་བྱུང་ཡོད། དེ་ཡང་དངོས་འབྲེལ་དྲང་བདེན་གྱི་རྒྱལ་ཁ་ཞིག་དང༌། མིའི་སེམས་ཤུགས་ཀྱི་རྒྱལ་ཁ་ཞིག་ཡིན་པ་མ་ཟད། རྒྱལ་རབས་ནང་འགྲོ་བ་མིའི་རིགས་ཞེས་པ་དེས་རང་དབང་གི་འཚོ་བའི་དོན་དུ་འབད་བརྩོན་མཐའ་མེད་བྱེད་ཀྱི་ཡོད་པའི་རྟགས་མཚན་བསྟན་པ་ཞིག་ཀྱང་རེད།

    བོད་རང་དབང་རང་བཙན་སྐོར་ལ་མ་འོངས་ལུང་བསྟན་ལྟ་བུ་བརྗོད་མི་ཐུབ་ཀྱང་འགྱུར་བ་ངེས་པར་དུ་ཡོང་གི་རེད། རྒྱལ་སྤྱིའི་གནས་སྟངས་ལ་མཚོན་ན་ཡང༌། ལོ་བཅུའི་གོང་དུ་མི་སྲིད་པར་ངོས་འཛིན་བྱེད་པའི་འགྱུར་བ་ཆེན་པོ་བྱུང་ཡོད་ཅིང༌། རྒྱ་ནག་རང་ལ་མཚོན་ན་ཡང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ནང་འགན་འཁུར་ཡོད་པའི་འཐུས་མིའི་གྲས་ཡིན་པས་འགྲོ་བ་མིའི་ཞི་བདེའི་ཆེད་དུ་ལས་དོན་སྒྲུབ་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་ལྟར་རྒྱ་ནག་ནས་དེ་བཞིན་བྱེད་པའི་རེ་བ་ཡོད་པ་མ་ཟད། ཉིན་གཅིག་རྒྱ་ནག་ནས་བོད་ཀྱི་གནས་སྟངས་ངོ་མ་དེ་དང༌། བོད་མིའི་སེམས་ཤུགས་ནམ་ཡང་ཉམས་མི་ཐུབ་པ་དེ་ཡང་ཁས་ལེན་ངོས་འཛིན་བྱེད་པའི་རེ་བ་ཡོད།

    ང་ཚོའི་མི་མང་གི་སེམས་ཤུགས་དང༌། གཞོན་ནུའི་ནང་རྒྱལ་གཅེས་གོ་རྟོགས་འཕར་ཚད། བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བ་བཅས་ཀྱི་གནས་ལུགས་འདི་དག་ལ་བརྟེན་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་མུན་ནག་མིན་པ་དེ་མཐོང་ཐུབ་ཅིང༌། དེ་འདྲའི་སེམས་ཤུགས་དང༌། རྒྱལ་གཅེས། རྒྱབ་སྐྱོར་བཅས་ཇི་སྲིད་ཡོད་པ་དེ་སྲིད་དུ་བོད་དོན་གྱི་རེ་བའང་ཡོད་ངེས་ཡིན།།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply