༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    ད་ཉིན་གསུམ་བཅུའི་དུས་དྲན་ཐེངས་ཉི་ཤུ་པ་བྱེད་པའི་སྐབས་འདིར། སྐད་ཡིག་རིགས་རུས་གོམས་གཤིས་གཅིག་གྱུར། ལྟ་བ་དང་སྤྱོད་པ་ལས་རིགས་སྣ་ཚོགས་པའི་གཞིས་བྱེས་བོད་རིགས་མཆིས་སོ་ཅོག་མཐའ་དག་ལ་ངས་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    ད་ཕན་ལོ་ཉི་ཤུ་སོང་བའི་རིང་ལ་བོད་ཀྱི་ཕྱི་རོལ་དུ་བཙན་བྱོལ་བོད་མི་སྟོང་ཕྲག་བརྒྱར་ཉེ་བ་རྒྱ་གར་གཙོ་བོར་གྱུར་པའི་ཤར་ནུབ་རྒྱལ་ཁབ་བཅུ་དྲུག་ནང་ཡོད་པ་རྣམས་ནས་སོ་ནམ་དང༌། བཟོ་ལས། ཚོང་འཁོས་སོགས་ལས་རིགས་སྣ་མང་ལ་བརྟེན་ནས་འཚོ་གོས་གནས་སྟངས་གཞི་རྩའི་ཆ་ནས་རང་འཚོ་གདེངས་འཁེལ་འགྲོ་དང་འགྲོ་བཞིན་པ་དང༌། ལྷག་པར་གཞོན་སྐྱེས་སྟོང་ཕྲག་ཉི་ཤུ་བརྒལ་བ་རྣམས་མི་རིགས་རང་ཉིད་ཀྱི་ཤེས་ཡོན་དང༌། རིག་གསར་ཤེས་ཡོན་ཟུང་དུ་སྦྲེལ་ཏེ་སྒྲོ་གཤོག་གཉིས་ལྡན་གྱི་འདབ་ཆགས་འཕུར་ལྡིང་ཅི་བདེར་བྱེད་པ་ལྟར། དེང་དུས་དང་མཐུན་པའི་མི་གྲལ་དུ་བསྐྱོད་བཞིན་པ༑ རྒྱ་མིས་དུག་ལྟར་བརྩི་བའི་རང་རེའི་ཆོས་དང་རིག་གཞུང་གི་རྨང་གཞི་རྒྱ་གར་ནང་ཁུལ་བོད་མི་འདུས་གནས་ཁག་ལ་བརྟན་པོར་ཚུགས་པ་མ་ཟད། ལུང་ཚན་དང་མི་རིགས། སྤྱི་ཚོགས་གནས་སྟངས་སྣ་ཚོགས་པའི་ཤར་ནུབ་འཛམ་གླིང་ཡུལ་གྲུ་གཞན་དག་མང་པོའི་ནང་དུ་ཡང་དོ་སྣང་ཁྱབ་འཕེལ་འགྲོ་བཞིན་པ། ཆབ་སྲིད་ཀྱི་ཐད་ལའང་ཚིག་སྐམ་པོའི་སྟོང་བཤད་མིན་པར་དོན་དམ་རང་དབང་དམངས་གཙོའི་ལམ་སྲོལ་ལ་སྤྱོད་བཞིན་པ་སོགས་ཕྱོགས་གང་ཅི་ནས་རང་ཡུལ་བྲལ་ནས་མི་ཡུལ་ས་མཐར་འཁྱམས་ཏེ་གནས་འཁོད་འོག་སྤྱི་བྱེའི་ལ་རྒྱར་སྨན་པའི་གྲུབ་འབྲས་གང་ལ་གང་འཚམས་བྱུང་ཡོད་པ་རྣམས་སྐབས་འདིར་དྲན་འོས་པ་ཞིག་རེད།

    འོན་ཀྱང་དེ་ཙམ་གྱིས་ཆོག་མ་ཤེས་པར་ད་དུང་སྒོ་གང་ས་ནས་ཡར་རྒྱས་གོང་མཐོར་གཏོང་དགོས་པའི་ཐོག ལྷག་པར་རང་རེ་བཙན་བྱོལ་དུ་འཁོད་སྡོད་ཀྱི་དམིགས་ཡུལ་ལྟེ་བ་ནི་རྒྱ་ཆེའི་མི་མང་ས་ཡ་དྲུག་གི་བདེ་སྡུག་གི་གནད་དོན་ཡིན་པས་ཇི་སྲིད་བོད་རྒྱ་ཆེའི་མི་མང་གི་འདོད་བློ་ཡོངས་སུ་ཁེངས་པའི་བདེ་སྐྱིད་རང་དབང་གི་དཔལ་ཡོན་མ་བཞད་པ་དེ་སྲིད་དུ་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་ཞུམ་མེད་ཐབས་ཤེས་འབད་བརྩོན་ནམ་ཡང་མི་ལྷོད་པ་བྱེད་གལ་ཤིན་ཏུ་ཆེ།

    རྒྱ་མིས་ང་ཚོར་ཡར་རྒྱས་དང༌། གསར་བརྗེ། བོད་མི་མང་བཅས་ལ་ངོ་རྒོལ་རྒྱབ་ལྟོས་བྱས་ཏེ་ཆེས་གདུག་རྩུབ་དང་མུན་ནག་གི་ལམ་དུ་འགྲོ་མཁན་རེད་ཅེས་ཟེར་གྱི་ཡོད་ཀྱང༌། མི་བདེན་བརྫུན་བསྒྲིགས་ཧམ་པ་སྟོང་བཤད་ལན་བརྒྱ་སྟོང་དུ་བཟླས་བརྗོད་བྱེད་མི་དགོས་པར་འཛམ་གླིང་གུ་ཡངས་རང་དབང་མདུན་སར་ང་ཚོས་གསར་བརྗེའི་ལམ་དུ་ཇི་ཙམ་བསྐྱོད་ཡོད་མེད་དང༌། མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཀྱི་ལས་དོན་ཇི་ཙམ་བྱས་ཡོད་མེད། རང་རིགས་མི་མང་གི་བདེ་སྡུག་ལ་རྒྱུ་མཚན་ལྡན་པའི་དྲང་པོས་གཞུང་བསྲངས་ཕྱོགས་ལྷུང་སྤངས་ཏེ་འབད་བརྩོན་བྱས་དང་བྱེད་བཞིན་བཅས་བཟང་ངན་གང་མཆིས་ས་རིས་ཐང་གསལ་དུ་ཡོད་པ་འདི་ལ་གཟུ་བོར་གནས་པའི་དགྲ་གཉེན་བར་མ་སུ་འདྲ་ཞིག་གིས་རྟོག་ཞིབ་བྱས་ནའང༌། བདེན་དང་བརྫུན་པ། ལམ་དང་ལམ་མིན་གྱི་ཡིད་གཏན་བྱ་ས་གཅིག་ཀྱང་མེད་པར་ལོ་རེ་ཟུང་ནང་ལའང་དཀར་ནག་ངོས་འཛིན་ཡོངས་སུ་གོ་ལྡོག་གི་འགྱུར་བ་གཏོང་དགོས་པའི་ཧམ་བཤད་འཁྱོག་པོའི་བརྫུན་གཏམ་སྔ་ཚིག་ཕྱི་འགལ་ཤེས་པ་རང་བཞིན་དུ་མི་གནས་པ་ལྟ་བུའི་གཏམ་གྱི་སྦྱོར་བ་སྨྲ་མཁན་སུ་ཡིན་གསལ་པོར་ཤེས་ཐུབ་ཀྱི་རེད།

    དཔེར་ན། རྒྱ་མིའི་དཔུང་སྟོབས་ལ་ཡ་ལན་སློག་པའི་སྤོབས་པ་མེད་པ་ཤེས་བཞིན་འུ་ཐུག་ཐབས་ཟད་ཀྱིས་ ༡༩༥༥ ལོ་མཇུག་ནས་འགོ་བརྩམས་ཏེ་ ༡༩༥༩ ལོ་ལྷ་སར་བོད་མི་མང་ཚོགས་ཀྱིས་རྒྱ་མི་བོད་ནས་ཕྱིར་ལོག་འགྲོ་དགོས་པ་དང༌། བོད་ཡུལ་འཛིན་སྐྱོང་བོད་མིས་བྱེད་དགོས་པའི་འཐབ་འཛིངས་ངོ་རྒོལ་སྐད་འབོད་བྱས་པ་དེ་བོད་ཆོལ་གསུམ་མི་མང་ཡོངས་ཀྱི་བཅོས་མིན་རྣམ་འགྱུར་ཕྱིར་བཏོན་པ་ཞིག་ཡིན་ཀྱང༌། སྐབས་དེར་རྒྱ་རིགས་ལས་བྱེད་པས་དེ་དུས་དགྲའི་དྭངས་མར་འཛིན་ཞིང༌། ཤོག་བུའི་སྟག་ཏུ་འབོད་པའི་ཨ་རི་བཙན་རྒྱལ་རིང་ལུགས་པ་དང༌། རྒྱ་གར་རྒྱ་བསྐྱེད་རིང་ལུགས་པས་ཕྱི་ནས་བརྒྱུད་བསྐུལ། ནང་ཁུལ་ལོག་སྤྱོད་ཉུང་ཤས་ནས་སྣེ་འཁྲིད་དེ་ངོ་ལོག་ཟིང་འཁྲུག་བསླངས་སོང་ཞེས་དྲག་གནོན་བྱས་པའི་ཁར། བོད་རྒྱ་ཆེའི་མི་མང་རྣམས་རྒྱ་མིར་དགའ་ཞེན་ཡོད་ཚུལ་འཁྱོག་བཤད་བྱས་པ་རེད།

    ཕྱོགས་མཚུངས་རྒྱ་ནག་ནང་དུའང་ ༡༩༥༨ ཙམ་ནས་རིམ་བཞིན་མདུན་མཆོངས་ཆེན་པོ། ཤེས་རིག་གསར་བརྗེ། རྟ་ཕྲེ་ཞིང་ལས་ཀྱི་སློབ་སྦྱོང་དགོས་པ་སོགས་ཀྱི་ལས་འགུལ་རིམ་པར་དོན་ངོ་མར་ཕམ་གུད་ཀྱི་སྐྱོན་དང་ནོར་འཁྲུལ་ཚབས་ཆེ་བྱུང་བའི་དངོས་ཡོད་གནས་ཚུལ་དེང་སང་ཡོངས་གྲགས་ངོས་ལེན་བྱ་མུས་འདི་དག་ལ་སྐབས་དེ་དང་དེར་རྒྱལ་ཁ་འབའ་ཞིག་ཐོབ་ལུགས་འཁྱོག་བཤད་ཁོ་ན་བྱས་ཡོད། དེ་བཞིན་དུ་རྒྱ་ནག་དཔོན་རིགས་མི་རྒན་ལོ་མང་གསར་བརྗེའི་བྱས་ཅན་མང་པོར་མིང་འདོགས་སྣ་ཚོགས་ཀྱི་སྐྱོན་འདོགས་རེས་དང༌། ཡང་དངོས་ཡོད་གནས་ཚུལ་ནས་བདེན་ཁ་མི་སྦྱིན་མཐུ་མེད་ཀྱི་རྒྱུ་མཚན་རེ་ལ་བརྟེན་ནས་མི་ཚེའི་དུས་ཡུན་ཐུང་ངུའི་ནང་ཆབ་སྲིད་ཐོག་འཆི་ཐེངས་བརྒྱ་དང་གསོད་ཐེངས་བརྒྱ་ལྟ་བུ་བྱེད་དགོས་པ་འདི་འདྲའི་སྟོང་འུད་འགྲེལ་བཤད་ཇི་ལྟར་བྱས་ཀྱང་རྒྱ་ནག་མི་མང་དྲན་པ་དང་རྟོག་དཔྱོད་ཅི་ཡང་མི་ཐུབ་པའི་གླེན་རྨོངས་དུད་འགྲོ་ལྟ་བུ་མ་ཡིན་པར། ཤེས་ལྡན་རྣམ་དཔྱོད་ཅན་མི་ཡི་རིགས་སོང་སྟབས། དེ་དག་གིས་དོན་དམ་ཡིད་ཆེས་ཆ་འཛིན་ག་ལ་བྱེད།

    དེ་ལྟ་ན་ཡང་སྔར་ཕན་རྒྱ་མིའི་མཛའ་གྲོགས་དམ་པར་བརྩི་བའི་རུ་སུ་དང་དམག་གི་འཇིགས་ཉེན་བྱུང་བ་དང༌། རྒྱ་ནག་རང་གི་དཔལ་འབྱོར་དང༌། ཤེས་ཡོན་སོགས་སྒོ་མང་པོ་ནས་ཉམས་གུད་དཀའ་ངལ་ཅི་ཆེ་རྒྱུན་མར་བྱུང་བ་དེ་དག་སེལ་ཐབས་སུ་སྔར་ཕན་རླབས་ཆེའི་རྒྱལ་ཁ་འབའ་ཞིག་ཐོབ་ལུགས་ཀྱི་གཏམ་བཤད་ཁྱབ་བསྒྲགས་བཟོ་པ་ལས་དཀྱུས་ཚུན་ཆད་ཀྱི་ངག་ལམ་ནས་བཤར་སྦྱང་ནར་མར་བྱེད་པའི་རི་འགུལ་མཚོ་སྐྱོམ་གྱི་ཐབས་ཤེས་རྣམས་རང་རང་ངལ་བ་ཙམ་དུ་ཟད་པ་ལས་མ་བྱུང་སྟབས། ད་ཆ་འཛམ་གླིང་གི་གནས་སྟངས་རྗེས་ཟིན་པར་དེང་རབས་ཅན་དུ་བསྒྱུར་དགོས་པའི་དངོས་ཡོད་བདེན་པའི་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ནས། ཉེ་བའི་ཆར་རྒྱ་ནག་གི་སྲིད་བྱུས་འགྱུར་ཚབས་ཧ་ཅང་ཆེ་ཞིང༌། ལྷག་པར་བློ་བཟོའི་བདེན་པས་ཁུངས་འཁྱོལ་དཀའ་བ་ཆོས་ཉིད་དུ་སོང་སྟབས་སྲིད་བློན་གཞོན་པ་ཏིང་ཞའོ་ཕིང་གི་སྔ་ཕྱིའི་བཀའ་མོལ་ནང་དངོས་ཡོད་ནས་བདེན་པ་འཚོལ་དགོས་ཞེས་དང༌། ཡང་རྒྱ་ནག་ནང་མི་མང་གི་སྦྱར་ཡིག་སྐད་འབོད་ལ་ལོ་མང་གི་སྙིང་ནད་འདོན་པའི་ཐོབ་ཐང་ཡོད་དགོས་ཞེས་དང༌། ཡང་རང་ཉིད་ཀྱི་སྐྱོན་དང་རྗེས་ལུས་ཡོད་པ་སྤམ་བརྫུ་བྱས་པས་ཕན་ཐོགས་མེད་ཅིང༌། རང་སྐྱོན་དང་རྗེས་ལུས་ངོས་ལེན་བྱེད་དགོས་ཞེས་པ་སོགས་རྒྱ་ནག་དཔོན་རིགས་སྔོན་མ་ཚོ་དང་མི་འདྲ་བའི་དྲང་བདེན་ཡར་ཐོན་གུ་ཡངས་ཀྱི་རྣམ་འགྱུར་རིམ་ཐོན་ལ་སྐད་གསང་མཐོན་པོས་བསྔགས་པའི་འོས་སུ་གྱུར་པ་ཞིག་ཡིན་ལ༑ དབང་ཤུགས་ལྡན་པའི་འགོ་འཁྲིད་བྱེད་མཁན་ཚོས་སྔོན་གྱི་ཀླད་རྙིང་གུ་དོག་དང༌། རང་མཐོངས་ཅོལ་ཆུང་གི་མཁྲེགསབཟུང་དོར་ཏེ། ད་ལྟའི་དུས་སྐབས་ཀྱི་གནས་སྟངས་ཤེས་ཐུབ་པ་དང༌། རང་ཕྱོགས་ཀྱི་ནོར་འཁྲུལ་མཐོང་ཐུབ་པ། དེ་ངོས་ལེན་བྱེད་ཐུབ་པ། དངོས་ཡོད་ཀྱི་གནས་ཚུལ་ཁས་ལེན་ཐུབ་པ། མིའི་རིགས་ཚང་མར་བདེ་སྐྱིད་འདྲ་མཉམ་དགོས་པ་དང༌། དེ་ཡང་ཤོག་བུའི་སྟེང་དུ་ཡོད་པས་མི་ཕན་པར་དངོས་ཡོད་ལག་ཐོག་འཁེལ་དགོས་པར་ནན་ཏན་གྱི་ཞིབ་འཇུག་བྱེད་པ་བཅས་བྱས་ན། དཀའ་རྙོག་ཇི་འདྲ་ཞིག་ཡིན་ཀྱང་དྲང་བདེན་གྱི་ལམ་ནས་སེལ་ཐུབ་ཀྱི་རེད།

    སྔ་ལོ་གསུམ་བཅུའི་དུས་དྲན་སྐབས་ངོས་ནས། བོད་ནང་གི་བོད་མི་ཕྱི་རྒྱལ་དུ་ཡོང་འདོད་ཡོད་མཁན་རྣམས་ཕྱི་རྒྱལ་དུ་ཡོང་ཆོག་པ་དང༌། ཕྱི་རྒྱལ་དུ་ཡོད་པའི་བོད་མི་བོད་ནང་གཉེན་འཕྲད་ལྟ་སྐོར་དུ་འགྲོ་འདོད་ཡོད་མཁན་རྣམས་བོད་དུ་འགྲོ་ཆོག་པའི་འགྲོ་འོང་རང་དབང་གི་གོ་སྐབས་ཤིག་བྱུང་ན༑ ཕན་ཚུན་གནས་ཚུལ་གསལ་རྟོགས་ཐུབ་རྒྱུ་དང༌། དེ་ནི་མིའི་རིགས་ཡ་རབས་ཀྱི་བྱ་སྤྱོད་ཅིག་དང༌། ཐོབ་ཐང་ཡོད་པ་ཞིག ལག་ལེན་བྱེད་ཐུབ་པ་ཞིག་རེད་ཅེས་གསལ་བསྒྲགས་བྱས་པ་བཞིན།

    ད་ཆ་བོད་མི་བོད་ནང་གཉེན་འཕྲད་ལྟ་སྐོར་འགྲོ་འོང་གི་གོ་སྐབས་འགོ་ཚུགས་པ་འདི་ནི་འོས་ཤིང་འཚམས་པའི་བྱ་སྤྱོད་ཅིག་རེད། འོན་ཀྱང་བོད་ནང་མ་བཅོས་རང་བཞིན་ལྷུག་པའི་གནས་སྟངས་རྗེན་པར་སྟོན་པ་དང་མཐོང་ཐུབ་པ་དགོས་པ་ལས། བར་ལམ་ཕྱི་རྒྱལ་ལྟ་སྐོར་བ་འབྱོར་རིགས་ལ་སྔོན་ཚུད་ནས་སྐྱོན་མཚང་སྦ་བའི་བཅོས་མའི་གྲ་སྒྲིག་བློ་ཡུལ་དུ་མི་ཤོང་བ་བྱས་ནས་ཟློས་གར་འཁྲབ་སྟོན་བྱས་པ་ལྟ་བུ་བྱུང་འདུག་པ་འདི་འདྲ་དུས་ཐེངས་རེ་གཉིས་ལ་བརྫུན་ཁུངས་འཁྱོལ་ཤས་ཆེ་སྟེ་མཐར་བརྫུན་ཕུགས་བརྡོལ་ནས་ཞབས་འདྲེན་བླ་ན་མེད་པ་ཞུ་རྒྱུ་མ་གཏོགས་མེད་པ་རྒྱ་ནག་ནང་གི་བར་ལམ་གྱི་གནས་ཚུལ་ནས་ཀྱང་དངོས་ར་གསལ་འཕྲོད་ཡོད་པས་དེ་འདྲར་མ་སོང་བའི་རེ་བ་བྱེད་མུས་དང༌། མདོར་ན་གཉེན་འཕྲད་ལྟ་སྐོར་དགོས་དོན་ཚང་བ་ཡོང་གི་ཡོད་མེད་སོགས་དངོས་ཡོད་ནས་བདེན་པ་འཚོལ་བའི་ལྟ་བ་འཁྱེར་ཏེ་ཞིབ་འཇུག་བྱ་རྒྱུ་ཡིན། བོད་ནས་ཀྱང་འདི་ཕྱོགས་སུ་གཉེན་འཕྲད་ལྟ་སྐོར་འགྲོ་འདོད་བྱེད་མི་སུ་བྱུང་དམ་བསྒྲགས་ཀ་ཀོར་མེད་པར་བཏང་འབྱོར་ཐུབ་པའི་རེ་བ་ཡོད།

    ད་ཕན་ལོ་ཉི་ཤུ་ལྷག་རིང་གི་ལོ་རྒྱུས་ཕྱོགས་བསྡོམས་ཀྱི་མཐོང་ཚུལ་གཏམ་བཤད་འདི་ཉིད་ད་ལྟ་གངས་ལྗོངས་དབང་སྒྱུར་པ་རྣམས་དང་ལྷན་ཅིག་འཁོད་པའི་ལས་བྱེད་འགའ་རེའི་བློ་ལ་ལམ་སེང་བབས་མིན་ཡོང་རྒྱུ་ཡང༌། ཆགས་སྡང་ཕྱོགས་ལྷུང་གི་བསམ་པ་ལོགས་སུ་བཞག ད་ཕན་གྱི་མཐོང་ཆོས་དངོས་བྱུང་གི་ཉམས་མྱོང་རྣམས་དྲན་པའི་ཡུལ་དུ་བྱས། ཤར་རླུང་གིས་ནུབ་རླུང་མནན་ཟེར་བའི་རང་ཆེ་རང་མཐོངས་ཀྱི་བློ་རྒྱ་ཆུང་ངུ་མི་བྱེད་པར་ད་ལྟ་ཤར་ནུབ་འཛམ་གླིང་ཡུལ་ཁག་གི་དངོས་འབྲེལ་གནས་སྟངས་བཟང་ངན་བདེ་སྡུག་ཇི་འདྲ་ཡོད་མེད་ལ་གཟུ་བོར་གནས་པའི་བློས་ཞིབ་ཏུ་དཔྱད་དེ་བསམ་གཞིགས་ནན་ཏན་དུ་བྱས་ན་ཡི་གེ་འདི་ཉིད་མིག་གི་ལྟད་མོ་དང༌། ཡིད་ཀྱི་ལེགས་ཉེས་འབྱེད་པའི་བློ་གྲོས་རྣམ་དཔྱོད་འཕེལ་བའི་རྐྱེན་དུ་འགྱུར་བའི་རེ་བ་དང༌། ཡིད་ཆེས་ཡོད།

    མཐའ་དོན་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ཉི་ཤུ་འཁོར་བའི་དུས་སྐབས་འདིར་ཆེད་གཉེར་དམིགས་བསལ་གྱིས་བརྗོད་རྒྱུ་ལ། རྒྱ་གར་གཞུང་ནས་སྤྱིར་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་མཛའ་བརྩེ་དང༌། ཡང་སྒོས་ཆོས་དང་ཤེས་རིག་གི་ཐོག་ནས་སློབ་དཔོན་དང་སློབ་མའི་ཚུལ་གྱི་འབྲེལ་ལམ་བཟང་པོ་དུས་རབས་མང་པོའི་སྔོན་ནས་ཡོད་པའི་ཁྱིམ་མཚེས་ལུང་པ་ཕན་ཚུན་གྱི་སླད་ལར་དགོངས་ཏེ་ང་ཚོ་བོད་མི་བཙན་བྱོལ་བར་གཞིས་ཆགས་ཀྱི་ས་ཁང་དང༌། ན་གཞོན་ཚོར་སློབ་སྦྱོང༌། ཆོས་དང་རིག་གཞུང་གི་བསྟི་གནས་ཁག་ལ་མཐུན་རྐྱེན་སོགས་ཕན་གྲོགས་རོགས་རམ་ཤིན་ཏུ་ཆེན་པོ་གནང་བ་ལ་རྒྱ་གར་མི་མང་དང༌། རྒྱ་གར་དབུས་གཞུང༌། ས་གནས་གཞུང་ཁག་བཅས་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དཀའ་ངལ་དང་འཕྲད་པའི་སྐབས་འདིར་རྒྱ་གར་ནས་ལྷག་བསམ་བཟང་པོས་ཕན་གྲོགས་འདི་ལྟ་བུ་གནང་བ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་ཅིང༌། ་གནས་ཚུལ་འདི་དག་ནི་བོད་དང༌། འཛམ་གླིང་ནང་པའི་རྒྱལ་རབས་ལོ་རྒྱུས་ནང་འགོད་རྒྱུའི་རྩ་འགངས་སྙིང་པོ་ཅན་ཞིག་ཀྱང་ཆགས་ཡོད་པ་ཡིན།།    །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply