༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    ལོ་གཉིས་སྔོན་རྒྱ་མིས་ལྷ་སར་དྲག་པོའི་ཁྲིམས་འདོམས་བྱས་པའི་དུས་ཚེས་ཏེ། ད་ལམ་ཟླ་ ༣ ཚེས་ ༨ ཉིན་བོད་དོན་ཆེད་རང་སྲོག་ཡལ་བར་དོར་བའི་ན་གཞོན་ལྷག་པ་ཚེ་རིང་སོགས་དང༌། སྲོག་ཉེན་ཆེན་པོའི་ངང་གནས་པ་བློ་བཟང་བསྟན་འཛིན་སོགས། ད་དུང་བོད་རང་དབང་བདེན་དོན་རྩོད་ལེན་མུ་མཐུད་བྱེད་བཞིན་པའི་དཔའ་བོ་ཕོ་མོ་བཙོན་ཚུད་མནར་གཅོད་ཚད་མེད་མྱོང་མཁན་དང༌། དེ་དག་གི་ནང་མི་བཅས་པར་རྗེས་དྲན་སྨོན་ལམ་བྱས་ཤིང༌། ད་ནས་ལོ་ལྟར་དེ་ཉིན་གོང་བཞིན་རྗེས་དྲན་དང་སྨོན་ལམ་གྱི་དུས་ཚིགས་ལ་སྲུང་བརྩི་བྱ་རྒྱུ་ཡིན།

    ད་ཉིན་གསུམ་བཅུའི་དུས་དྲན་ཐེངས་སོ་གཉིས་པའི་སྐབས་འདིར་སླར་ཡང་བོད་མི་དཔའ་བོ་འདས་གསོན་རྣམས་ལ་རྗེས་དྲན་དང༌། མཆོག་གསུམ་ཐུགས་རྗེ་སྐུལ་བའི་གསོལ་འདེབས་བྱ་རྒྱུ་ཡིན། བོད་ནང་གི་གནས་ཚུལ་ནི་ད་དུང་ཐབས་སྡུག་ངང་གནས་ཡོད། ན་ནིང་ཕྱི་ཟླ་ ༥ ཚེས་ ༡ ཉིན་རྒྱ་མིའི་དཔོན་རིགས་ཚོས་བོད་དུ་དྲག་པོའི་ཁྲིམས་གཞི་ཕྱིར་བསྡུ་བྱས་ཚུལ་གསལ་བསྒྲགས་བྱས་ཡོད་ཀྱང༌། དེ་ནི་མིང་ཙམ་ཞིག་ཡིན་པའི་དཔེ་མཚོན་གསལ་པོ་ཡོད། དམག་མིའི་ཉེན་རྟོག་པ་བསྡུས་བསྐོངས་ཕྱིར་འཐེན་བྱས་པའི་ཚབ་ཏུ་ཞི་ཆས་གྱོན་པའི་ཉེན་རྟོག་པ་སྟོང་ཕྲག་བཀྲམ་ཡོད། གལ་ཏེ་རྒྱ་མིས་བཤད་པ་ལྟར་གནས་ཚུལ་ཞི་འཇམ་ཡིན་ན་ཞི་ཆས་གྱོན་པའི་ཉེན་རྟོག་པ་དེ་དག་འཕྲལ་དུ་ཕྱིར་འཐེན་བྱས་ཏེ་ལྷ་སའི་འཛིན་སྐྱོང་ཞི་བའི་འགོ་ཁྲིད་ཁག་ནས་བྱེད་དགོས། དྲག་པོའི་ཁྲིམས་གཞི་མ་བསྡུས་གོང་བོད་ཀྱི་དགོན་སྡེ་ཁག་ནས་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་ཚུལ་བཞིན་དུ་བྱེད་པའི་བློ་གསལ་དོན་གཉེར་ཅན་བརྒྱ་ཕྲག་མང་པོ་ཞིག་སློབ་གཉེར་གྱི་བསྟི་གནས་དེ་དག་ནས་ཕྱིར་འབུད་བྱས་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན།

    ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཅན་ཙེ་མིན་སྔ་ལོ་ཕྱི་ཟླ་ ༧ པའི་ནང་བོད་དུ་སླེབས་རྗེས་ལྷ་སར་བོད་མིས་ལས་འགུལ་ཇི་བྱས་འཆར་ཅན་རྒྱ་མིས་སྲིད་དོན་དུ་བརྩི་བ་ལྟར་གཞུང་འབྲེལ་གསལ་བསྒྲགས་ནང་ལྕི་ལ་མྱུར་བའི་རྡུང་རྡེག་ནན་པོ་གཏོང་དགོས་པའི་བཀའ་བཏང་ཡོད། དེ་ལྟ་ནའང་བོད་མིའི་སྙིང་སྟོབས་དང་སེམས་ཤུགས་ནམ་ཡང་མ་ཆག་པར་ལྷ་སར་བཙན་ཤེད་ཀྱིས་བཀག་སྡོམ་ཇི་ལྟར་ཡོད་རུང་བོད་མི་སེར་སྐྱ་ཀུན་ནས་བོད་རང་དབང་བདེན་དོནསླད་རྔམ་སྟོན་ཐེངས་བཅུ་གཉིས་ཙམ་མུ་མཐུད་དེ་བྱས་ཡོད།

    བོད་ནང་རྒྱ་རིགས་ཕོན་ཆེ་མུ་མཐུད་འཛུལ་སྡོད་བྱེད་བཞིན་པ་དང༌། ང་ཚོའི་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་དུ་འགྲོ་བའི་གནས་ཚུལ་ལ་སླེབས་པ་དེས་ངོས་རང་སེམས་འཚབ་ཆེན་པོ་བྱུང་རྐྱེན་ ༡༩༨༧ ལོར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང༌། ༡༩༨༨ ལོར་སི་ཏྲས་སི་སྦག་གི་གྲོས་གཞི་བཅས་གལ་ཆེའི་གྲོས་གཞི་གཉིས་འགོ་འཛུགས་གསར་བཏོན་བྱས་ཡོད། སི་ཏྲས་སི་སྦག་གི་གྲོས་གཞི་དེ་བོད་ནང་རྒྱ་མིས་དབང་སྒྱུར་བྱེད་བཞིན་པའི་གནས་ཚུལ་དངོས་ཡོད་དང་བསྟུན་ཞིང༌། བོད་མིའི་རྩ་བའི་ཁེ་ཕན་ཁག་སྒྲུབ་སླད་ལྷག་བསམ་རྣམ་དག་དང༌། ཡིད་ཆེས་བློས་འགེལ་གྱིས་བཏོན་པ་ཡིན་ཞིང༌། གྲོས་གཞི་དེར་བོད་མི་མང་པོ་ཞིག་བློ་ཕམ་བྱུང་ཡོད་པ་དང༌། མང་པོ་ཞིག་ནས་རྒྱ་ཕྱོགས་བསྟུན་ཆེས་དྲགས་པ་དང༌། དགོས་མེད་ཕམ་འཁུར་ཆེ་དྲགས་པའི་སྐྱོན་བརྗོད་བྱས་ཡོད།

    ངའི་གྲོས་འཆར་འདི་དག་ལ་རྒྱ་མིའི་འགོ་ཁྲིད་ཚོས་གཞུང་འབྲེལ་ལན་འདེབས་གང་ཡང་བྱས་མེད་པའི་ཁར། ཁོ་རང་ཚོའི་གཞུང་གི་དྲིལ་བསྒྲགས་ལས་རིགས་ཁག་ནས་སྐྱོན་བརྗོད་ཀྱང་བྱས་ཡོད། རྒྱ་མིའི་ངོས་ནས་གྲོས་གཞི་དེ་དག་ལ་བལྟ་སྟངས་གུ་དོག་གིས་དང་ལེན་མ་བྱས་སྟབས་ངའི་ངོས་ནས་བསམ་འཆར་གྲོས་གཞི་བཏོན་པ་དེ་དག་གི་ཕན་ནུས་ཐོན་མ་ཐུབ་པར་བརྟེན་ང་ཚོས་རྒྱ་མིའི་འགོ་ཁྲིད་ཚོ་དང་འབྲེལ་མཐུད་བྱེད་རྒྱུའི་འབད་བརྩོན་བྱེ་བྲག་པ་འདིའི་ཐད་ལམ་ལྷོང་མ་བྱུང་བར་ངོས་འཛིན་བྱ་རྒྱུ་ནི་རྒྱུ་མཚན་ལྡན་པ་ཡིན། མི་རིང་བར་རྒྱ་ཕྱོགས་ནས་འཁུར་ལེན་གསར་པའི་རིགས་མ་བྱུང་ཚེ་ངོས་ནས་སི་ཏྲས་སི་སྦག་ཏུ་བཏོན་པའི་གྲོས་འཆར་འདི་དག་ལག་བསྟར་བྱེད་དགོས་པའི་འགན་ཁུར་གང་ཡང་མེད་པར་བརྩི་རྒྱུ་ཡིན། འོན་ཀྱང་ངས་བོད་མིའི་རང་དབང་དང༌། གཞི་རྩའི་ཐོབ་ཐང་གི་དོན་དུ་མུ་མཐུད་ལས་ཀ་བྱེད་རྒྱུར་འགྱུར་བ་ནམ་ཡང་མེད་ཅིང༌། ད་དུང་རྒྱ་མི་དང་འབྲེལ་བ་བྱས་ཏེ་ཞི་བའི་ཐབས་ལམ་བརྒྱུད་བོད་མིའི་རྩ་དོན་སྒྲུབ་ཐབས་སུ་འབད་བརྩོན་མུ་མཐུད་བྱེད་རྒྱུའི་འདུན་པ་བརྟན་པོ་ཡོད།

    སྔ་ལོ་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་དུ་མ་བྱུང་ཡོད། རུ་སུའི་ནང་སྲིད་འཛིན་གྷོར་པོ་ཅོབ་ནས་མང་ཚོགས་ཀྱི་ངོ་བོ་གསལ་མཚོན་ཐུབ་པ་དང༌། འགན་ཁུར་ཆེ་ཙམ་ལེན་ཐུབ་པའི་གཞུང་ཞིག་འཛུགས་སླད་དམངས་གཙོའི་གོམ་བགྲོད་བྱས་པ་དེས་གལ་ཆེའི་ནུས་ཤུགས་ཆེན་པོ་ཐོན་ཡོད། རྒྱལ་ཁབ་མང་པོ་ཞིག་དང༌། ལྷག་པར་དུ་ཡོ་རོབ་ཤར་ཕྱོགས་ནང་ཚོགས་པ་གཅིག་ཁོ་ནས་དབང་འཛིན་བྱེད་པའི་བཙན་ཤེད་སྒེར་འཛིན་རིང་ལུགས་ཀྱི་ཚབ་ཏུ་མང་མོས་འོས་འདེམས་བྱས་པའི་གཞུང་གསར་འཛུགས་ཐུབ་པ་དང༌། སྦར་ལིན་གྱི་རྩིག་པ་གཏོར་བཤིག་གིས་འཇར་མན་རྒྱལ་ཁབ་གཉིས་ཆིག་སྒྲིལ་རྒྱལ་ཁབ་གཅིག་ཏུ་གྱུར་པ་ནི་གྲང་དམག་གི་མཇུག་མཐར་སླེབས་པའི་མཚོན་རྟགས་ཤིག་ཡིན་པ་དང༌། ཤར་ནུབ་བར་དམག་འཐབ་ཡོང་དོགས་ཀྱི་དངངས་སྐྲག་མུ་མཐུད་བྱེད་མི་དགོས་པའི་འཛམ་གླིང་ཞིག་ཡོང་རྒྱུར་མདུན་བསྐྱོད་བྱས་པ་ཞིག་ཀྱང་ཡིན། སོག་པོའི་ནང་ལ་ཡང་གཞུང་གསར་པ་ཞིག་གདམ་པའི་ཆེད་མི་མང་ནས་འོས་བསྡུ་བྱས་ཡོད། བོད་དང་ཆོས་རིག་གི་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པའི་སོག་པོའི་ལུང་པར་ནང་ཆོས་སླར་གསོ་བྱེད་རྒྱུའི་ལས་དོན་ལ་ངས་དམིགས་བསལ་གྱི་དགའ་བསུ་ཞུ་རྒྱུ་ཡིན།

    ཁྱིམ་མཚེས་བལ་ཡུལ་མི་མང་ནས་སྲིད་དོན་ཤོག་ཁག་མང་པོ་ཡོད་པའི་ལམ་སྲོལ་འཛུགས་རྒྱུར་འབད་བརྩོན་བྱས་པ་དང༌། རྒྱལ་པོ་བརནདྲ་མཆོག་ནས་གོམ་བགྲོད་དེར་མཐུན་འགྱུར་གནང་བར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། འཛམ་གླིང་ནང་དེ་ལྟ་བུའི་རྩ་བའི་འགྱུར་འགྲོས་བཟང་པོ་འགྲོ་བཞིན་པའི་སྐབས་རྒྱ་ནག་གཅིག་པུ་འགྱུར་བ་མ་ཕྱིན་པར་གནས་མི་ཐུབ་པར་ཡིད་ཆེས་ཡོད། ཉིན་གཅིག་རྒྱའི་མི་མང་ནས་དམངས་གཙོ་ཡང་དག་པའི་ལམ་ཁོ་ན་བརྒྱུད་རང་རང་གི་གསར་གཏོད་བློ་གྲོས་ནུས་རྩལ་བཏོན་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་དང༌། འཛམ་གླིང་ཞི་བདེ་ཡར་རྒྱས་བཅས་སྒྲུབ་ཐུབ་པ་མཐོང་གི་རེད། དེ་ལྟ་བུའི་འགྱུར་བ་ཡོང་རྒྱུའི་རྟགས་མཚན་གསལ་པོ་འདུག

    པེ་ཅིང་དུ་ ༡༩༨༩ ཕྱི་ཟླ་ ༦ པར་སློབ་ཕྲུག་དང་ཤེས་ཡོན་ཅན་ནས་འགོ་འཁྲིད་པའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་དེས་འཕྲལ་སྒང་ཕམ་ཉེས་ཙམ་ལས། ཕུགས་རྒྱང་རིང་པོར་རྒྱའི་མི་མང་གིས་རང་དབང་དང་དམངས་གཙོའི་ལས་འགུལ་མུ་མཐུད་བྱེད་རྒྱུར་ཤུགས་རྐྱེན་ཐེབས་ཡོད། མ་འོངས་པར་རྒྱ་ནག་ནང་ཞི་བདེ་དང་ཆབ་སྲིད་སྲ་བརྟན་ཡོང་མིན་ནི་རྒྱ་མིའི་དམངས་གཙོའི་ལས་འགུལ་དེ་འགྲུབ་མིན་ཙམ་ལ་རག་ལུས་པ་ཞིག་མིན་པར། རྒྱའི་དབང་སྒྱུར་ལས་རང་དབང་ཐོབ་འདོད་ཀྱི་རྒྱ་མི་རིགས་མ་ཡིན་པའི་མི་དམངས་ས་ཡ་མང་པོ་དེ་དག་གི་རེ་བ་འགྲུབ་མིན་ལ་རག་ལུས་པ་ཞིག་ཡིན།

    ཨེ་ཤ་ཡ་ཡོངས་ལ་ཞི་བདེ་སྲ་བརྟན་དང་ཚང་མའི་ཁེ་ཕན་ཆེད་དམངས་གཙོའི་རྒྱལ་ཁབ་ཁག་གི་མཐུན་ཕྱོགས་ཚོགས་སྡེ་ཞིག་འཛུགས་དགོས། ཚོགས་སྡེ་དེའི་ནང་རྒྱ་ནག་གསར་པ་ཞུགས་དགོས་ལ། རྒྱའི་མི་སེར་སྤེལ་བའི་དབང་སྒྱུར་ལས་གྲོལ་བར་འདོད་པའི་བོད་དང༌། ཤར་ཏུར་ཀི་སི་ཐན། ནང་སོག་བཅས་དང༌། དེ་བཞིན་ཨེ་ཤ་ཡའི་མཐུན་ཕྱོགས་ཚོགས་སྡེར་འཛུལ་འདོད་ཡོད་པའི་རྒྱལ་ཁབ་གཞན་རྣམས་ཀྱང་ཞུགས་ཆོག བསམ་ཚུལ་འདི་ལ་བསམ་ཞིབ་ནན་ཏན་བྱེད་དགོས་ཤིང༌། ང་ཚོའི་ལས་དོན་འདི་དངོས་སུ་འགྲུབ་སླད་ཨེ་ཤ་ཡའི་འགོ་ཁྲིད་གཞན་དག་དང་གནས་ཚུལ་འདིར་མོས་བློ་ཅན་རྣམས་ནས་གོ་བསྡུར་བྱེད་པའི་རེ་བ་ཡོད།

    དེང་སང་འཛམ་གླིང་སྤྱིའི་གནས་སྟངས་དགའ་སྤོབས་སྐྱེ་བའི་ཕྱོགས་སུ་གནས་པ་དེ་ལྟ་ནའང༌། སྟབས་མ་ལེགས་པ་ཞིག་ལ་ཉེ་ཆར་གྷཕ་མཚོ་ཁུག་ཏུ་དམག་འཁྲུག་ལངས་པ་དང༌། དེའི་ནང་མི་མང་པོ་འདས་གྲོངས་བྱུང་བར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང༌། རྐྱེན་ངན་འདི་ནི་སྤྱིར་འགྱུར་བ་བཟང་ཕྱོགས་སུ་འགྲོ་བཞིན་པའི་སྐབས་ཀྱི་དམིགས་བསལ་གནས་ཚུལ་ཞིག་ཡིན། གལ་ཚབས་ཆེ་བའི་གནས་ཚུལ་འདི་རིགས་ཕལ་ཆེ་བར་དང་པོ་ནས་ཞི་མཐུན་གྱི་ལག་ལེན་འོས་འཚམ་དང༌། དགོས་ངེས་ལག་ལེན་བསྟར་མ་ཐུབ་པར་སྣང་མེད་ལྷོད་ཡངས་བྱས་པའི་འབྲས་བུ་ཡིན། དམག་འཁྲུག་དེ་དག་གི་འབྱུང་རྐྱེན་གཙོ་བོ་གཞན་ཞིག་ནི་རྒྱལ་ཁབ་མང་པོས་རང་གི་ཁེ་ཕན་དུ་རློམ་སྟེ་ཕན་ཚུན་སྟོབས་ཤུགས་སྙོམ་ཐབས་ཀྱི་སྲིད་བྱུས་ལག་ལེན་བསྟར་བཞིན་པ་དེ་ལས་བྱུང་བ་ནི། ད་ལྟའི་གྷཕ་མཚོ་ཁུག་གི་དམག་འཁྲུག་འདི་དཔེ་མཚོན་གསལ་པོ་ཞིག་ཡིན། རྒྱུ་རྐྱེན་དེ་དག་གི་ནང་ནས་སྡུག་ཤོས་ནི་དངུལ་གྱི་ཁེ་ཕན་ཁོ་ནའི་ཆེད་གཞུང་སྒེར་མང་པོ་ཞིག་གིས་དམག་འཐབ་གོ་མཚོན་ཚོང་འབྲེལ་བྱེད་བཞིན་པ་དེ་ཡིན། ངའི་བསམ་པར་གནས་ཚུལ་འདི་རིགས་ནི་འགྲོ་བ་མིའི་བདེ་དོན་ལ་འགན་འཁུར་དང༌། བསམ་ཤེས་སོགས་རྩ་བ་ནས་མེད་པ་ཞིག་རེད།

    ང་ཚོས་མ་འོངས་པར་འདི་ལྟ་བུའི་དངངས་ཚབས་ཆེ་བའི་གནས་ཚུལ་ལས་གཡོལ་བར་འདོད་ན། དངངས་ཚབས་དང་ཉེན་ཁ་ཆེན་པོ་ཡོང་གཞིའི་གནས་ཚུལ་འདི་རིགས་ལ་ཐོག་མ་ནས་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་ཤིང༌། མིག་རྒྱང་ཐུང་ངུ་དང༌། རང་དོན་ཁོག་བཅུག་གི་སྒོ་ནས་སོ་སོའི་ས་ཁུལ་ལ་སྟོབས་ཤུགས་འགྲན་བསྡུར་བྱེད་པ་མ་ཡིན་པར་རྒྱ་ཆེའི་ས་ཁུལ་གྱི་བདེ་འཇགས་ལ་འགན་ཁུར་ལེན་དགོས། བསམ་བློའི་འཁྱེར་སོ་འདི་ལྟ་བུས་རྒྱལ་ཁབ་གཅིག་ཁོ་ནའི་ཞི་བདེ་སྲུང་སྐྱོབ་ཙམ་མ་ཡིན་པར་ཀུན་ལ་གཏན་དུ་བདེ་བའི་ཞི་བདེའི་རྨང་གཞི་ཞིག་འཛུགས་ཐུབ།

    ངོས་རང་ཆུང་ངུའི་སྐབས་ནས་བོད་མིའི་གོམས་གཤིས་དང༌། དེང་དུས་འཛམ་གླིང་གི་འགྱུར་འགྲོས་གཉིས་ཀར་འཚམས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་བཟོ་ཐུབ་རྒྱུའི་རེ་འདུན་ཆེན་པོ་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ལམ་ལུགས་དེ་འདྲ་ཞིག་བཟོ་རྒྱུར་འབད་བརྩོན་བྱས་པ་ལས། མི་མང་གི་སྤྱི་འཐུས་འདེམས་བསྐོ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན། ང་ཚོས་ད་དུང་དམངས་གཙོའི་བཅོས་སྒྱུར་ཤུགས་ཆེ་རུ་གཏོང་ཐབས་དང༌། བཙན་བྱོལ་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཆེ་རུ་གཏོང་སླད་བཅོས་སྒྱུར་འགའ་ཤས་བྱེད་རྒྱུ་ཡིན། བཅོས་སྒྱུར་དེ་དག་གིས་བོད་མི་མང་ཚོགས་ནས་རང་གི་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་བཟོ་བར་ནུས་ཤུགས་ངེས་ཅན་ཞིག་ཐོན་ཐུབ་པའི་རེ་བ་ཡོད། ཟླ་བ་སྔ་མའི་ནང་བཙན་བྱོལ་བོད་མི་རྣམས་ནས་མི་མང་སྤྱི་འཐུས་ལྷན་ཚོགས་འདེམས་བསྐོའི་འོས་ཤོག་ཐེངས་བཅུ་གཅིག་པ་དེ་འཕངས་པར་ངོས་རང་དགའ་སྤོབས་ཆེན་པོ་བྱུང་ཞིང༌། དེ་མཚུངས་ཁྱེད་རང་ཚོ་ལ་ཡང་ཡོང་བའི་རེ་བ་ཡོད། སྤྱི་འཐུས་ལྷན་ཚོགས་འདིའི་ནང་མི་གྲངས་སྔར་བས་མང་བ་ཡོད་ལ། གཞུང་གི་འཛིན་སྐྱོང་སྡེ་ཚན་ཐོག་ཐེ་བྱུས་ཀྱི་འགན་དབང་ཇེ་ཆེར་ཕྱིན་ཡོད།

    སྔ་ལོ་ཕྱི་ཟླ་ལྔ་པའི་ནང་དམིགས་བསལ་ཚོགས་ཆེན་ཚུགས་པ་ནས་གཞུང་གི་འཛིན་སྐྱོང་སྡེ་ཚན་གྱི་བཀའ་བློན་རྣམས་འོས་འདེམས་བྱས་པ་མ་གཏོགས་སྔར་བཞིན་ངས་བསྐོ་གཞག་བྱས་མེད། ངའི་བསམ་པར་འདི་ནི་མ་འོངས་པའི་བོད་ཀྱི་མི་རབས་ཚོས་ང་ཚོ་བཙན་བྱོལ་བྱེད་པའི་གནས་སྐབས་ཀྱི་གྲུབ་འབྲས་ཉམས་མྱོང་ཆེ་ཤོས་ཤིག་ཏུ་འཛིན་རྒྱུ་རེད། བོད་དུ་ནང་ཆོས་དར་བ་དེས་ང་ཚོའི་རྒྱལ་ཁབ་ཆིག་སྒྲིལ་དུ་བཏང་བ་བཞིན་ང་ཚོའི་སྤྱི་ཚོགས་དམངས་གཙོར་བསྒྱུར་བ་ལ་བརྟེན་ནས་བོད་མིའི་ནུས་རྩལ་གོང་མཐོར་འགྲོ་བ་དང༌། ང་ཚོའི་དབང་འཛིན་གྱི་སྒྲིག་འཛུགས་ཁག་ནས་བོད་མི་ཡོངས་ཀྱི་དགོས་འདུན་དང༌། ཞེ་ཕུགས་ཀྱི་རེ་བ་རྣམས་མཚོན་ཐུབ་པའི་ཡིད་ཆེས་ཡོད།

    འདས་པའི་ལོ་ཤས་ནང་འཛམ་གླིང་ས་ཕྱོགས་གང་སའི་གཞུང་སྒེར་གཉིས་ཀའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོར་བསྟན་པས་སེམས་འགུལ་ཆེན་པོ་ཐེབས་བྱུང༌། ཉེ་བའི་ལོ་ཤས་ནང་ཨ་རིའི་གྲོས་ཚོགས་དང༌། དེ་བཞིན་ཡོ་རོབ་ནང་གི་གྲོས་ཚོགས་ཁག ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བཅས་ནས་བོད་དང་བོད་མིའི་གནད་དོན་སྐོར་ལ་སེམས་འཚབ་དང༌། རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད་ཅིང༌། དེ་བཞིན་སྔ་ལོ་ཕྱི་ཟླ་ ༣ པའི་ནང་རྡ་སར་ཚུགས་པའི་བོད་ཀྱི་གྲོགས་པོའི་ཚོགས་འདུ་དེ་ཡང་ང་ཚོར་རྒྱབ་སྐྱོར་ནུས་ཤུགས་དང་སེམས་འགུལ་ཐེབས་ཐུབ་པའི་མཚོན་རྟགས་ཤིག་ཡིན།

    དེ་རིང་གི་ཉིན་མོ་འདི་བཞིན་ ༡༩༩༡ ནས་ ༡༩༩༢ བར་རྒྱལ་སྤྱིའི་བོད་ཀྱི་ལོའི་ཉིན་དང་པོ་དེ་ཡིན་པར་གསལ་བསྒྲགས་བྱེད་རྒྱུ་དང༌། ལོ་གཅིག་ཧྲིལ་པོའི་དུས་ཡུན་འདིའི་ནང་བོད་དང༌། བོད་མི་རིགས། དེའི་རིག་གཞུང༌། གོམས་གཤིས་བཅས་ལ་དྲན་གསོ་བྱེད་རྒྱུ་ཡིན། ངས་ང་ཚོ་ཚང་མའི་ཚབ་བྱས་ཏེ་འགྲེམས་སྟོན་ཁག་དང༌། ཚོགས་འདུ། བགྲོ་གླེང༌། དཔེ་དེབ་དཔར་བསྐྲུན། འགྲེམས་སྤེལ། དེ་མཚུངས་ལས་གཞི་དང་དུས་སྟོན་འདྲ་མིན་སྣ་ཚོགས་བརྒྱུད་འཛམ་གླིང་ཡོངས་ལ་བོད་སྐོར་ཤེས་ཡོན་སྤེལ་བར་འགན་ཁུར་དང༌། ལས་དོན་འབྲེལ་ཞུགས་འབད་བརྩོན་པ་ཀུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    མཐའ་སྡོམ་དུ། དང་བླངས་རོགས་ཚོགས་ཁག་དང༌། སྒེར་ཁག་ནས་བོད་མི་བཙན་བྱོལ་བར་རྒྱབ་གཉེར་དང༌། རོགས་རམ་མུ་མཐུད་གནང་བཞིན་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ལྷག་པར་དུ་རྒྱ་གར་མི་མང་དང༌། རྒྱ་གར་གཞུང་ནས་རང་ཉིད་ལ་འགན་ཁུར་དང་དཀའ་ངལ་ཡོད་བཞིན་དུ་ལོ་མང་རིང་བོད་མིར་མཐུན་གྲོགས་དང༌། ཤ་ཞེན་གནང་བར་བཀྲིན་རྗེས་དྲན་དང་འབྲེལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།     །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply