༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    གསུམ་བཅུའི་དུས་དྲན་ཐེངས་སུམ་ཅུ་སོ་གསུམ་པའི་སྐབས་འདིར་བོད་ཀྱི་མ་འོངས་པ་སྔར་བས་རེ་བ་ཆེ་བའི་དུས་ཤིག་ཏུ་སླེབས་ཡོད། དེ་ནི་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དང༌། བྱེས་འཁོད་མི་མང་གི་སེམས་ཤུགས་ནས་བྱུང་བ་མ་ཟད། འཛམ་གླིང་གི་འགྱུར་བ་སྤྱི་དང༌། ལྷག་པར་ཨུ་རུ་སུའི་འགྱུར་བ་ནས་བྱུང་བ་ཞིག་ཀྱང་ཡིན། ལོ་ལྔ་ནས་བཅུའི་ནང་ཚུད་རྒྱ་ནག་ནང་དུ་ཡང་འགྱུར་བ་ཆེན་པོ་ཡོང་ངེས་སྙམ། འཛམ་གླིང་གི་ཐོག་བཙན་གནོན་སྒེར་སྡོམ་བྱེད་མཁན་གྱི་སྲིད་གཞུང་མང་པོ་རྩ་མེད་དུ་གྱུར་པ་དང༌། རུ་སུ་མནའ་འབྲེལ་རྒྱལ་ཁབ་ཁ་འཐོར་སོང་ནས་བཙན་འོག་གནས་པའི་རྒྱལ་ཁབ་ཁག་ལ་རང་དབང་ཐོབ་པར་བརྟེན། དྲང་བདེན་དང་མིའི་སེམས་ཤུགས་ལ་མཐའ་མའི་རྒྱལ་ཁ་འཐོབ་རྒྱུར་ཡིད་ཆེས་གཏན་འཁེལ་བྱེད་ཆོག་པ་ཡིན། མི་གསོད་ཁྲག་སྦྱོར་དང་འབྲེལ་བའི་ཕྱི་ལོ་ ༡༩༡༧ ལོའི་ཟླ་ ༡༠ པའི་གསར་བརྗེ་དེས་རུ་སུ་མནའ་འབྲེལ་རྒྱལ་ཁབ་ལོ་བདུན་ཅུ་བརྒལ་བ་བཙན་འོག་མནན་རྗེས་མཐའ་མ་ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༨ པར་དྲང་བདེན་འཚེ་མེད་ཞི་བདེའི་ལམ་ནས་བཙན་དབང་སྒྲིག་སྲོལ་མཇུག་བསྡོམས་བྱས། ང་ཚོར་རྒྱལ་རབས་ལོ་རྒྱུས་ནས་གསལ་རྟོགས་ཡོད་པ་བཞིན། རྒྱལ་ཁབ་གཅིག་སྡུད་ཀྱི་སྟོབས་ཆེན་དང༌། བཙན་དབང་གི་དྲག་ཤུགས་ཅན་ཇི་འདྲ་ཞིག་ཡིན་རུང་མཐའ་མ་འགྱུར་མེད་གཏན་དུ་གནས་པ་ནམ་ཡང་མེད། ལྷག་དོན་དེང་སྐབས་འཛམ་གླིང་ནང་གསར་གནས་མཐོང་ཐོས་བདེ་བླག་ཏུ་ཐུབ་པའི་ཆ་རྐྱེན་ཆེས་དར་བའི་དུས་སྐབས་སུ་གནས་ཐབས་ག་ལ་ཡོད། དེར་བརྟེན་ཕྱི་ནང་གི་འགྱུར་བའི་ཤུགས་རྐྱེན་མ་ཐེབས་པར་རྒྱ་ནག་རང་དགར་གནས་མི་ཐུབ་པ་གསལ་པོ་ཡིན།

    ད་ལྟའི་རྒྱ་མིའི་འགོ་ཁྲིད་ཚོས་རང་གི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཏེ་ཡུན་གནས་ཆེད་མིག་རྒྱང་རིང་ཞིང་བློ་གྲོས་ལྡན་པའི་སྒོ་ནས་དེང་དུས་འཛམ་གླིང་ཆབ་སྲིད་འགྱུར་འགྲོས་ཀྱི་ཐོག་ནས་སློབ་གསོ་ལེན་ཤེས་པ་དགོས། དེང་སྐབས་བཙན་ཤུགས་ལས་བྱུང་བའི་རུ་སུ་མནའ་འབྲེལ་རྒྱལ་ཁབ་ལྟ་བུའི་སྟོབས་ཆེན་དེ་ཡང་འཐོར་ཞིག་ཏུ་སོང་བ་དང༌། ཕྱོགས་གཞན་ཞིག་ནས་རང་དབང་ལྡན་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཆུང་ཁག་མང་པོས་ཐུན་མོང་གི་ཁེ་ཕན་ཆེད་རང་མོས་དང་བླངས་ཀྱི་སྒོ་ནས་མཉམ་མཐུན་བྱེད་བཞིན་ཡོད། རུ་སུའི་མནའ་འབྲེལ་རྒྱལ་ཁབ་ཁོངས་ནས་རང་དབང་ཐོབ་པའི་རྒྱལ་ཁབ་དེ་ཚོས་ཀྱང་དེང་སང་རང་བཙན་རྒྱལ་ཁབ་ཀྱི་མཐུན་ཕྱོགས་འཛུགས་རྒྱུའི་ཐབས་ཤེས་བྱེད་བཞིན་དུ་ཡོད། ངོས་ནས་ལོ་ཤས་སྔོན་བོད་རྒྱའི་དཀའ་རྙོག་སེལ་ཆེད་གོང་དང་ཕྱོགས་མཐུན་གྱི་དོན་རྩའི་བསམ་འཆར་བཏོན་པ་མ་ཟད། དེ་ལྟར་བྱས་ན་རྒྱལ་སྤྱིའི་ནང་གི་དཀའ་ངལ་གཞན་དག་སེལ་རྒྱུར་ཡང་ཐབས་ལམ་གྱི་དཔེ་མཚོན་ཡོང་ཚུལ་བརྗོད་ཡོད།

    དེང་སང་གི་འཛམ་གླིང་རྒྱལ་ཁབ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས་རང་ཉིད་གཅིག་པུར་ཡར་རྒྱས་འགྲོ་རྒྱུ་ལྟ་ཅི་གནས་ཐུབ་པའི་རེ་བ་ཡང་མེད་ཅིང༌། དེ་དང་ཆབས་ཅིག་རྒྱལ་ཁབ་དང༌། མི་མང་གང་ཞིག་ཡིན་ཡང་གཞན་གྱི་བཙན་དབང་དང་མི་སེར་སྤེལ་བྱེད་ཀྱི་དབང་སྒྱུར་འོག་སྡོད་འདོད་ནམ་ཡང་མེད། ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཚོའི་མདུན་ལ་གདམ་ག་བྱེད་རྒྱུའི་འགྲོ་ལམ་གཉིས་གནས་ཡོད།

    དང་པོ་ནི། ཆབ་སྲིད་སྐྱོང་ཚུལ་རྒྱ་ཆེ་གུ་ཡངས་ཀྱི་ཐོག་ནས་མང་གཙོ་ཡང་དག་པའི་སྤྱི་ཚོགས་སུ་བདེ་བར་བསྐྱོད་རྒྱུ་དང༌། བཙན་དབང་འོག་ཟླ་བསྒྲིལ་དང༌། བཙན་འཛུལ་བྱས་པའི་ཡུལ་ལུང་ཁག་ལ་རང་དབང་འདྲ་མཉམ་གྱི་ཐོབ་ཐང་སྤྲད་དེ་འཛམ་གླིང་ནང་སྒྲིག་འཛུགས་གནས་སྟངས་གསར་པ་ཞིག་བཟོ་དགོས་པ་དང༌། གཅིག་ཤོས་ནི་མི་གསོད་ཁྲག་སྦྱོར་གྱི་སྲིད་དབང་འཐབ་རྩོད་ནང་ལྷུངས་སུ་འཇུག་རྒྱུ་དེ་ཡིན། འགྲོ་བ་མིའི་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་ས་ཁུལ་ལ་འདི་ལྟ་བུའི་གནས་ཚུལ་བྱུང་ན་ཤིན་ཏུ་ཐབས་སྐྱོའི་གནས་ཚུལ་ཡིན། རྒྱ་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་བསམ་བློ་དངོས་འབྲེལ་བཏང་ན། ང་ཚོའི་ཕྱོགས་ནས་ལྷག་བསམ་དང་འབད་བརྩོན་བྱ་རྒྱུར་འདོད་མོས་ཡོད། ལོ་གསུམ་གྱི་གོང་དུ་བཏོན་པའི་སི་ཏྲས་སི་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་ལ་གྱུར་ཟིན་ཀྱང༌། ཞི་མོལ་བྱ་རྒྱུའི་བསམ་ཚུལ་བརྟན་པོ་ཡོད་པ་ནི་ངོས་རང་བོད་ནང་ལྟ་སྐོར་ཞིག་ཏུ་འགྲོ་རྒྱུའི་འདོད་ཚུལ་བཏོན་པ་ནས་གསལ་པོ་ཤེས་ཐུབ། དེ་དག་རྒྱ་ཕྱོགས་ནས་ཁས་ལེན་མ་བྱས་པར་བློ་ཕམ་བྱུང༌།

    དེང་སང་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་ཇེ་ཆེར་སོང་བས་ང་ཚོར་དོ་སྣང་དང༌། རྒྱབ་སྐྱོར་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། སྔ་ལོའི་ནང་ངོས་རང་ཕྱི་རྒྱལ་ཡུལ་ཁག་ཏུ་བསྐྱོད་དེ་སྲིད་དོན་གྱི་དབུ་ཁྲིད་མང་པོ་དང་མཇལ་སྐབས་ཁོང་ཚོས་དངོས་འབྲེལ་ཤ་ཚ་དང་སེམས་ཁུར་གྱི་རྣམ་འགྱུར་བསྟན་པ་དེས་ངོས་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང༌། གཞུང་ཁག་གི་ལྟ་ཚུལ་བཟང་པོའི་འགྱུར་བ་དེ་རྒྱ་ནག་ལ་མི་དགའ་བ་མ་ཡིན་པར་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

    དེ་རིང་ནི་རྒྱལ་སྤྱིའི་བོད་ཀྱི་ལོ་གྲུབ་འབྲས་ཆེན་པོའི་ངང་མཇུག་འགྲིལ་བའི་ཉིན་མོ་ཞིག་ཡིན། འདས་པའི་ལོ་འདིར་རྒྱལ་ཁབ་སུམ་ཅུ་སོ་དྲུག་ཙམ་ནང་ལས་འགུལ་འདྲ་མིན་ཐེངས་གྲངས་སུམ་སྟོང་བརྒལ་བ་སྤེལ་བ་འདིས་འཛམ་གླིང་ཐོག་ནས་བོད་ལ་དོ་སྣང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་གསལ་པོ་ཡོད། ལས་འགུལ་དེ་དག་གི་སྐབས་སུ་བོད་ནང་མྱོང་བཞིན་པའི་སྡུག་བསྔལ་དང༌། རང་བྱུང་ཁོར་ཡུག་གཏོར་བཤིག་ལ་དྲན་གསོ་བྱས་པ་ཙམ་དུ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རིག་གཞུང་ཕྱུག་པོ་དེ་དག་འགྲེམས་སྟོན་དང༌། འཁྲབ་སྟོན་གྱི་སྒོ་ནས་ངོ་སྤྲོད་བྱས་ཤིང༌། དེས་རྐྱེན་པས་རྒྱལ་སྤྱིའི་ནང་བོད་མིར་དགའ་བརྩེ་དང༌། སེམས་ཁུར་གྱི་ཞེན་བསྐུལ་ཐུབ་ཡོད་པས་ད་ཆ་བོད་ནང་དངོས་ཡོད་ཛ་དྲག་གི་དཀའ་ངལ་བྱེ་བྲག་པ་རྣམས་སེལ་ཐབས་བྱེད་དགོས་པར་བརྟེན། ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པས་ཕྱི་ལོ་ ༡༩༩༢ ལོ་འདི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱལ་སྤྱིའི་ནང་སེམས་ཁུར་དོ་སྣང་སྐུལ་སློང་བྱེད་རྒྱུའི་ལོར་བརྩི་སྲུང་བྱ་རྒྱུ་དེར་ངོས་ནས་རྒྱབ་སྐྱོར་ཡོད།

    བོད་མི་མང་གི་སེམས་ཤུགས་དང་བློ་སྟོབས་འགྱུར་མེད་བརྟན་གནས་ཡོད་པ་དེ་དག་ང་ཚོའི་ལས་དོན་གྱི་ནུས་ཤུགས་འབྱུང་ཁུངས་ཡིན་པ་དང༌། ང་ཚོའི་འཐབ་རྩོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་འཚེ་མེད་ཞི་བའི་ལམ་དུ་བགྲོད་རྒྱུ་དེ་ཡིན། ང་ཚོས་རང་ཉིད་ཀྱི་ཁྲིམས་མཐུན་ཐོབ་ཐང་རྩོད་ལེན་བྱེད་སྐབས་ལམ་འདིའི་རྒྱ་ལས་མི་བརྒལ་བ་བྱེད་དགོས། མི་རིང་བར་ང་ཚོ་དང༌། ནང་སོག ཤར་ཏུར་ཀི་སི་ཐན་གྱི་མི་རིགས་རྣམས་རང་དབང་གཙང་མའི་ཐོག་ཚང་མ་སོ་སོའི་ཡུལ་དུ་མཉམ་འཛོམས་ཐུབ་རྒྱུ་ལ་སོམ་ཉི་མེད། མ་འོངས་པའི་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ཞེས་པའི་ཡིག་ཆ་ཞིག་ཉེ་དུས་ཁྱབ་བསྒྲགས་ཟིན་པའི་ནང༌། ང་ཚོ་བཙན་བྱོལ་ལ་གནས་པ་རྣམས་ནས་མ་འོངས་པར་བོད་ནང་མང་གཙོ་ཡང་དག་པ་ཞིག་ཡོང་བའི་དོན་ལ་གཞི་རྩའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང༌། ང་ཚོ་བོད་ནང་སླེབས་པའི་དུས་སྐབས་སུ་ད་ལྟའི་བཙན་བྱོལ་གཞུང་འདི་ཕྱིར་བསྡུ་བྱ་རྒྱུ། ངོས་ལ་ལོ་རྒྱུས་ཐོག་ནས་ཡོད་པའི་སྲིད་དབང་རྣམས་བར་བརྒལ་གྱི་སྲིད་གཞུང་དེར་རྩིས་སྤྲོད་བྱ་རྒྱུ། གཞུང་དེའི་ལས་འགན་ནི་མང་གཙོའི་རྩ་ཁྲིམས་གཏན་འབེབས་ཐོག མི་མང་གིས་འོས་འདེམས་བྱས་པའི་གཞུང་གསར་པ་འཛུགས་རྒྱུ་དེ་ཡིན།

    ད་ཕན་རྒྱ་མིའི་ལས་ཁུངས་ཁག་ནང་ལས་ཀ་བྱེད་མཁན་བོད་མི་ཚོའི་ལོ་རྒྱུས་ལ་རྩད་གཅོད་བྱེད་དོན་མེད་ཁར། ཉམས་མྱོང་རྒྱུས་བབས་ཀྱི་ཆ་ནས་ལས་འགན་གཙོ་བོ་ཁོང་ཚོས་ལེན་དགོས་པ་བཅས་གསལ་པོར་བཀོད་ཡོད། མ་འོངས་པའི་བོད་དེ་ཨེ་ཤ་ཡའི་སྙིང་དབུས་ཀྱི་ཞི་བདེའི་བསྟི་གནས་ཤིག་དང༌། དེའི་ནང་འགྲོ་བ་མི་དང༌། སྲོག་ཆགས་ཕྲ་མོ་ཚུན་ཆད། རང་བྱུང་སྐྱེ་དངོས་དང་བཅས་པ་བསྐྱེད་བསྲིངས་མཛའ་མཐུན་ཞི་བདེ་བག་ཕེབས་སུ་གནས་པ་ཞིག་འབྱུང་རྒྱུ་ཡིན། དེས་གངས་ལྗོངས་སྐྱེ་འགྲོའི་བདེ་སྐྱིད་ཙམ་དུ་མ་ཟད། རྒྱ་དཀར་ནག་གི་མཛའ་འབྲེལ་ལ་ཡང་ཕན་ཐོགས་ཡོང་ངེས་ཡིན། བོད་རྒྱའི་དབར་ཁ་ཞེ་གཉིས་མེད་འདྲ་མཉམ་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་ཞིག་བྱེད་ཐུབ་ན། མི་རིགས་གཉིས་དབར་དུས་རབས་འདིའི་ནང་ལྷགས་པའི་འཁོན་འཛིན་རྣམས་རིམ་བཞིན་སངས་ཐུབ་པས་མ་ཚད། བོད་ཀྱི་རིག་གཞུང་ཐོག་ནས་རྣམ་དཔྱོད་ལྡན་པའི་རྒྱའི་ན་གཞོན་ས་ཡ་མང་པོའི་བསམ་བློའི་ཞི་བདེར་ཕན་ཐོགས་རྒྱ་ཆེ་སྒྲུབ་ཐུབ་ངེས། ང་ཚོའི་འབད་བརྩོན་ལ་བརྟེན་ནས་ང་ཚོའི་ཁྲིམས་མཐུན་ཐོབ་ཐང་རྣམས་མི་རིང་བར་སྐྱར་གསོ་ཐུབ་པ་དང༌། ས་ཁུལ་ཚང་མར་ཞི་བདེ་ཡར་རྒྱས་འབྱུང་བའི་སྨོན་ལམ་བཅས།།    །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply