༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

ང་ཚོས་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བོད་རིགས་ཡོངས་ལ་ལག་བསྟར་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པར་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཚུལ་མཐུན་ཡ་ལན་མ་བྱས་པར་བློ་ཕམ་ཡོད།

 

དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང༌། སྔ་ལོའི་གསུམ་བཅུའི་རྗེས་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ཁྱབ་ཏུ་བྱུང་བའི་ཞི་རྒོལ་བྱེད་མཁན་ཕལ་མོ་ཆེ་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་འཚར་བྱུང་བའི་ན་གཞོན། རང་དབང་བོད་ཀྱི་གནས་བབ་མྱོང་ཚོར་མེད་མཁན་ཡིན་ནའང༌། བོད་ཀྱི་རྩ་དོན་ཐོག་ལྷག་བསམ་འགྱུར་མེད་མི་རབས་ནས་མི་རབས་རྒྱུན་གནས་ཡོད་པ་ནི་སྤོབས་པ་སྐྱེ་གཞི་དང༌། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་སྙིང་སྟོབས་འཕེལ་རྐྱེན་ཞིག་ཏུ་གྱུར་ཡོད།

 

ཕྱི་ལོ་ ༢༠༠༡ ནས་བཟུང་མང་གཙོའི་ལམ་སྲོལ་གཞིར་བཟུང་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་སྲོལ་གཏོད་དེ། ད་ཆར་བཀའ་ཁྲི་སྐབས་གཉིས་པའི་ལས་ཡུན་འགྲོ་མུས་ལྟར། ངོས་ལ་རྒྱུན་ལྡན་ཉིན་རེའི་འཛིན་སྐྱོང་གི་འགན་ཁུར་ཆུང་དུ་སོང་སྟེ། ཕྱེད་རྒས་ཡོལ་གྱི་གནས་སྟངས་ལྟ་བུ་ཡིན་ཡང༌། བོད་ཀྱི་རྩ་དོན་གྱི་འགན་ཁུར་ནི་བོད་མི་མཐའ་དག་གི་ལས་བསྐོས་ཀྱི་འགན་ཁུར་ཡིན་པས་ངོས་རང་ནམ་འཚོའི་བར་ཟོམ་འཇོག་བྱ་ཐབས་མེད།

 

ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་སྟེ། འབྲེལ་མོལ་ཐེངས་བརྒྱད་བྱས་མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་རང་སྐྱོང་བཅའ་ཁྲིམས་བརྒྱུད་ལག་བསྟར་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་སྤྲད་ཡོད།

རྒྱ་གཞུང་གིས་བོད་གནའ་བོའི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པར་ཁས་ལེན་བྱ་དགོས་ཨུ་ཚུགས་བྱེད་པ་ནི་འོས་འཚམས་དང་རྒྱུ་མཚན་ལྡན་པ་མིན།

 

འདས་པ་ནི་བྱུང་ཟིན་པས་བཟང་ངན་ཇི་ལྟར་ཡང་སྒྱུར་བཅོས་གཏོང་ཐབས་མེད་ཅིང༌། ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་འཁྱོག་བཤད་བྱེད་པ་དྲང་བདེན་གྱི་བྱེད་ཐབས་མིན། མ་འོངས་པའི་བྱེད་ཕྱོགས་གཉིས་སྨན་ཡོང་བ་ཞིག་ད་ལྟ་བསམ་ཞིབ་ཐག་གཅོད་བྱེད་དགོས་སྟབས། འབྱུང་འགྱུར་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་ཐུབ་རྒྱུའི་ཆེད་ཁྲིམས་མཐུན་གྱི་རང་སྐྱོང་དོན་མཐུན་ཡོང་ཐབས་བྱེད་ཀྱི་ཡོད་ཅིང༌། དེ་ནི་བོད་མི་རྣམས་འདོད་བློ་ཚིམས་ཏེ་རང་འདོད་ཀྱིས་བརྟན་རླིང་གནས་རྒྱུའི་བསམ་བློའི་ཆིག་སྒྲིལ་ཡོང་ཐབས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། ང་ཚོའི་ངོས་ནས་ལོ་རྒྱུས་གཞིར་བཟུང་མ་འོངས་པའི་མདུན་ལམ་ཐག་གཅོད་དགོས་པའི་བསམ་ཚུལ་བཏོན་མེད།

 

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཚོན་པའི་དེང་དུས་ཀྱི་རྒྱལ་ཁབ་སུའང་མངའ་རིས་ཀྱི་གནས་བབ་འདས་པའི་བྱུང་རབས་དང་གཅིག་མཐུན་དུ་གནས་པ་མེད་ཅིང༌། གནས་དགོས་ཀྱང་མེད། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་རྒྱུའི་རེ་འདུན་ནི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཀྱི་དམིགས་ཡུལ་དང་བོད་རྒྱ་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་མཐུན་ཐོག རྩ་ཁྲིམས་དང་སྒྲིག་གཞི་གང་གི་ཆ་ནས་འགོག་རྐྱེན་མེད་ཅིང༌། རྒྱ་ནག་དབུས་གཞུང་གི་དབུ་ཁྲིད་མང་པོས་དགོས་འདུན་དེ་ཚུལ་མཐུན་ཡིན་པ་ངོས་ལེན་གནང་ཡོད། ང་ཚོས་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བོད་རིགས་ཡོངས་ལ་ལག་བསྟར་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པར་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཚུལ་མཐུན་ཡ་ལན་མ་བྱས་པར་བློ་ཕམ་ཡོད།

 

བར་ལམ་བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་ལ་དོན་དམ་གྱི་གྲུབ་འབྲས་མ་བྱུང་བའི་ཁར། སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ས་ཡོངས་སུ་དྲག་གནོན་ཚབས་ཆེ་བྱུང་བར་བརྟེན། འབྱུང་འགྱུར་ལངས་ཕྱོགས་དང་བྱ་ཐབས་ཇི་དགེའི་སྐོར་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་སྔ་ལོ་ཕྱི་ཟླ་ ༡༡ ནང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་དང༌། གཞིས་བཞུགས་བོད་མིའི་ཁྲོད་ནས་ཀྱང་བསམ་འཆར་བསྡུ་ལེན་གང་ཐུབ་བྱས་པའི་ནང་བོད་རིགས་མང་ཆེ་བས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་རྒྱབ་གཉེར་ཤུགས་ཆེན་བྱུང་སྟབས། ད་ཆ་གདེང་ཚོད་ཆེན་པོས་སྲིད་བྱུས་དེ་ཉིད་རྒྱུན་སྐྱོང་གིས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུར་འབད་བརྩོན་རྒྱུན་མཐུད་བྱ་རྒྱུ་ཡིན།

 

ངོས་ནས་རྒྱ་རིགས་སྤུན་ཟླ་རྣམས་ལ་འབོད་སྐུལ་སྔ་རྗེས་བྱས་པ་ལྟར། ད་རེས་སླར་ཡང་རྒྱ་རིགས་སྤུན་ཟླ་ཡོངས་ལ་བོད་དང་བོད་མིའི་སྐོར་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཁོ་ནར་ཚད་འཛིན་མི་བྱེད་པར་གཟུ་བོའི་བློས་གནས་ཚུལ་ངོ་མ་ཇི་ཡིན་བརྟག་དཔྱད་གནང་སྟེ། མི་རིགས་ཁ་བྲལ་འགོག་ཐབས་དགོས་པའི་འབོད་སྐུལ་བསྐྱར་ནན་བྱེད་ཀྱི་ཡོད་ཅིང༌། བོད་མི་ཚང་མས་ཀྱང་རྒྱ་རིགས་རྣམས་དང་མཛའ་འབྲེལ་གོང་མཐོར་སྤེལ་ཐབས་རྒྱུན་ལྡན་བྱེད་དགོས།

ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་སོང་བའི་དུས་ཡུན་ལ་ཕྱི་བལྟས་བྱེད་སྐབས་བཟང་ངན་གྱི་གནས་ཚུལ་མང་པོ་ཞིག་བྱུང་ཡང༌། མདོ་དོན་བོད་ཀྱི་གནད་དོན་རྩ་བརླག་ཏུ་མ་སོང་བར་རྒྱལ་སྤྱིའི་ནང་སྔར་ལྷག་དོ་སྣང་ཆེ་བའི་གནས་ཚུལ་ཞིག་ཏུ་བསྡད་ཡོད་པ་ནི་གྲུབ་འབྲས་ཆེན་པོ་ཡིན་པ་དང༌། གནས་བབ་འདིའི་ཐོག་ནས་བདེན་པ་དང༌། འཚེ་བ་མེད་པའི་ཐབས་ལམ་བརྒྱུད་འབད་བརྩོན་མུ་མཐུད་བྱེད་ན་རིང་མིན་བདེན་མཐའ་གསལ་རྒྱུར་ཐེ་ཚོམ་མེད།

 

ངོས་ནས་རྒྱུན་དུ་རེ་བ་བཟང་ས་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་པ་ལྟར། ད་ཆ་རྒྱ་ནག་ནང་དང་རྒྱལ་སྤྱིའི་གནས་བབ་གང་ནས་གཞིགས་ཀྱང༌། བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་རེ་བ་རྒྱག་ཆོག་པ་ཞིག་ཡིན་ནའང༌། ཅི་སྟེ་ད་དུང་ང་ཚོའི་འཐབ་རྩོད་དུས་ཡུན་རིང་པོའི་བར་གནས་དགོས་བྱུང་ཚེ་དེའི་གྲ་སྒྲིག་ཀྱང་ཚགས་ཚུད་ངེས་པར་དུ་བྱེད་དགོས། དེའི་ཆེད་བོད་ཕྱི་ནང་ཡོངས་ནས་གཙོ་བོ་ཤེས་ཡོན་སློབ་སྦྱོང་དང༌། ཁྱད་མཁས་མི་སྣ་གསོ་སྐྱོང༌། མང་ཚོགས་ལ་ཁོར་ཡུག་དང༌། འཕྲོད་བསྟེན། འཚེ་བ་མེད་པའི་ཐབས་ལམ་གྱི་གོ་རྟོགས་དང་ལག་ལེན་གོང་མཐོར་སྤེལ་དགོས། ཞེས་གསུངས་བྱུང༌།

 

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply