ཀིརྟི་བླ་བྲང་གི་སྔོན་མའི་སྒྲིག་འཛུགས་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་ཞིག་ཡིན་སྟབས། རིན་པོ་ཆེ་མཆོག་ལ་ད་བར་དངུལ་གང་ཡོད་པ་དང། མི་དམངས་ཚོས་བསྔོ་རྟེན་སྐྱབས་རྟེན་གང་ཕུལ་བ་དེ་དགེ་རྩ་ཚོགས་པ་འདིའི་མ་དངུལ་ཆགས་ཡོད། ལྷག་པར་དུ་གསལ་བོ་བཟོ་དགོས་པ་ཞིག་ལ། དགེ་རྩ་ཚོགས་པ་འདིའི་ཐོག་མའི་སྒྲིག་གཞིའི་ནང་ཕྱིའི་རོགས་སྐྱོར་འཚོལ་རྒྱུ་ཞིག་བཀོད་ཡོད་ཀྱང་། ད་ལོའི་ཚོགས་ཆེན་སྟེང་ལས་འཆར་དེ་བཀག་འགོག་བྱས་སོང་།
ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་གྱི་ཉིན་གསུམ་རིང་ཀིརྟི་དགེ་རྩ་ཚོགས་པའི་སྐབས་དང་པོའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་དེ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་འཚོགས་ཡོད་ལ། ཐེངས་འདིར་འཐུས་མི་ ༥༥ ཙམ་ཚོགས་ཞུགས་གནང་ཡོད། ཉིན་གསུམ་རིང་གི་ཚོགས་འདུའི་སྟེང༌། ལོ་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་རྩིས་ཁྲ་གཙང་སེལ། འཆར་ལོའི་སྔོན་རྩིས་གཏན་འབེབས། སྒྲིག་གཞི་བསྐྱར་བཅོས། འབྱུང་འགྱུར་ལས་དོན་གཏན་འབེབས་སོགས་གནང་ཡོད། དགེ་རྩ་ཚོགས་པ་འདི་ ༢༠༠༨ ཟླ་ ༢ ཚེས་ ༡༦ ཉིན་གསར་འཛུགས་གནང་བ་ཞིག་ཡིན་ཞིང། སྐབས་དེར་བོད་ཕྱི་ནང་གཉིས་ཀྱི་ཀིརྟི་དགོན་མ་ལག་དང་བཅས་པའི་དགོན་ཁག་བཅོ་བརྒྱད་དང་རྫོང་ཁག་ལྔ་ནས་སྐྱ་སེར་འཐུས་མི་ ༦༢ དང་ངྷ་ས་ཁུལ་གྱི་སྐུ་ཚབ་ལྔ། ཚོགས་མི་ ༦༤༠ ལྷག་མཉམ་ཞུགས་དབུས། ཀིརྟི་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་བའི་ནང། དགེ་རྩ་ཚོགས་པ་འདི་གཙོ་བོ་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། ལས་དོན་གང་ཞིག་བསྒྲུབ་ཀྱང། དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་བདེ་བསྒྲུབ་པའི་རྒྱུ་རྐྱེན་དུ་འགྲོ་བ་ཞིག་ཡིན་དགོས། ཚོགས་པའི་ལས་དོན་ཐག་གཅོད་བྱེད་སྟངས་དེ་ཡང། དམངས་གཙོའི་ལམ་སྲོལ་ལྟར་མང་ཚོགས་ཀྱིས་ཐག་གཅོད་གནང་དགོས། དགེ་རྩ་ཚོགས་པ་འདི་ཀིརྟི་ཚང་གཅིག་པུའི་ཆེད་བཙུགས་པ་ཞིག་མ་ཡིན་པར། དགེ་རྩ་ཚོགས་པ་འདིའི་ཁོངས་སུ་ཆོས་ལུགས་ཆོས་བརྒྱུད་རིས་མེད་དང། ཆོལ་ཁ་ལུང་ཚན་དབྱེར་མེད་ནས་རང་འདོད་ལྟར་ཞུགས་ཆོག་ལ། རང་འདོད་ལྟར་ཕྱིར་འཐེན་བྱ་ཡང་ཆོག་པའི་འགྲོ་སྟངས་གུ་ཡངས་པོ་ཞིག་ཡིན་དགོས། ཞེས་གསུངས་འདུག
ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པས་ཀིརྟི་དགེ་རྩ་ཚོགས་པའི་སྔར་ལོའི་རྒྱུན་ལས་ཚོགས་གཙོ་མཁན་པོ་ཕུན་ཚོགས་སྤྲུལ་སྐུ་མཆོག་ལ་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ཏེ། ལས་དོན་བྱེད་ཕྱོགས་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་སྔོན་མ་ནས། ལོ་ངོ་སུམ་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་པའི་ཀིརྟི་བླ་བྲང་གི་ལམ་སྲོལ་འདིར་བསྒྱུར་བཅོས་གཏོང་རྒྱུའི་ཐུགས་འདུན་ཡོད་པ་བཞིན། ༢༠༠༢ ལོར་ཀིརྟི་རིན་པོ་ཆེ་མཆོག་གིས་ཐུགས་སྣང་ཆེན་པོས། ཀིརྟི་བླ་བྲང་གི་སྲོལ་རྒྱུན་འགྲོ་སྟངས་དེ་ཡག་པོ་མི་འདུག དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བཅོས་བསྒྱུར་གཏོང་དགོས་ཀྱིན་འདུག མ་འོངས་པར་ཀིརྟི་བླ་བྲང་དེ་དགོན་མ་ལག་དང་བཅས་པའི་ཆོས་སྡེ་ཁག་དང་མི་དམངས་སློབ་བརྒྱུད་ཡོངས་ཀྱི་འཐུས་མི་ཡོད་པའི་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་ན་ཡག་པོ་འདུག ཅེས་བཀའ་གནང་བ་ལྟར། ༢༠༠༨ ཟླ་ ༢ ཚེས་ ༡༦ ཉིན་དགེ་རྩ་ཚོགས་པ་འདི་དངོས་སུ་དབུ་བརྙེས་ཤིང༌། སྐབས་དེར་རིན་པོ་ཆེ་མཆོག་གིས་སྒྲིག་གཞིའི་ཟིན་བྲིས་ཤིག་མཛད་ཡོད་པ་དེར་བསྐྱར་བཅོས་ཀྱིས་རྒྱ་གར་ནང་སྡོད་རིང་བར་བརྒལ་གྱི་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཏེ། རྒྱུན་ལས་གསུམ་བསྐོ་བཞག་གིས་མ་འོངས་པར་ལོ་གསུམ་རེའི་མཚམས་སུ་རྒྱུན་ལས་གསར་འདེམས་བྱ་རྒྱུ་ཐག་གཅོད་བྱུང་ཡོད། ཚོགས་པ་འདི་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཤིག་ཡིན་སྟབས། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་སློབ་གསོ་དང་ནད་པར་སྨན་བཅོས།རྒས་གཅོང་ཉམས་ཐག་བཅས་ལ་རོགས་སྐྱོར་དང། ཀིརྟི་དགོན་མ་ལག་དང་བཅས་པར་གཟིགས་རྟོག་དང་སྒྲིག་སྲོལ་གཅིག་གྱུར་ཡོང་ཐབས་བཅས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་མོད། འོན་ཀྱང། ང་ཚོ་སྐབས་དང་པོའི་རྒྱུན་ལས་ཚོའི་ངོས་ནས། རིན་པོ་ཆེ་མཆོག་གི་སྐུ་དོན་དང་ཞབས་རྟེན་མཆོད་འབུལ། དེབ་དང་བརྙན་འཁོར་དཔར་སྐྲུན། སྤྱི་ཁྱབ་ཡིག་ཚང་གསར་རྒྱག་སོགས་འཛུགས་སྐྲུན་གྱི་ལས་ཀ་ཙག་ཙིག་རེ་མ་གཏོགས་སྒྲུབ་ཐུབ་མ་སོང། གང་ཡིན་ཟེར་ན། དགེ་རྩ་ཚོགས་པ་འདི་ཁྲིམས་ཐོག་ནས་བརྟན་པོ་ཞིག་བཟོ་ཆེད་རྒྱ་གར་གཞུང་ལ་དེབ་སྐྱེལ་ཐད་ཧུར་བརྩོན་བྱས་པ་ཡིན། ཞེས་གསུངས་སོང།
ཡང་ཁོང་ལ་དགེ་རྩ་ཚོགས་པ་ཞིག་ཡིན་དུས་མ་དངུལ་གཏོང་ཡོང་གི་སྡེ་ཚན་ཞིག་ཆགས་ཡོད་སྟབས། ད་སྔ་མ་དངུལ་གྱི་གནས་སྟངས་གང་འདྲ་ཡིན་པ་དང། དངུལ་གྱི་འབྱུང་ཁུངས་ཇི་ལྟར་འཚོལ་སྒྲུབ་བྱེད་ཀྱིན་ཡོད་པའི་སྐོར་དྲིས་པར་ཁོང་གིས། ད་སྐབས་དགེ་རྩའི་མ་དངུལ་ཧིན་སྒོར་འབུམ་ ༡༠༠ ཡས་མས་རེད། འོན་ཀྱང་། དངུལ་འབོར་དེ་གཅིག་ཏུ་ངེས་བ་ཡོད་པ་མ་རེད། རིན་པོ་ཆེ་མཆོག་གིས། སྔོན་མ་ལྟར་ཀིརྟི་བླ་བྲང་གི་དངུལ་དེ་མི་རེ་ཟུང་ཞིག་གིས་འཕྲོ་བརླག་ཏུ་བཏང་ན་འགྲིག་གི་མ་རེད། མི་དམངས་ཚོས་བསྔོ་རྟེན་སྐྱབས་རྟེན་གང་ཕུལ་བ་དེ་དག་ཆུད་ཟོས་སུ་མ་བཏང་བར། བསྐྱར་དུ་མང་ཚོགས་ཉམས་ཐག་ཚོར་ཕན་ཐོགས་ཡོད་པ་ཞིག་བསྒྲུབ་ཐུབ་པ་ཡིན་ན། དོན་གོ་ཆོད་སོང་བ་རེད། ཅེས་བཀའ་གནང་བ་ལྟར། ཀིརྟི་བླ་བྲང་སྲོལ་རྒྱུན་གྱི་སྒྲིག་འཛུགས་དེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་ཞིག་ཡིན་སྟབས། རིན་པོ་ཆེ་མཆོག་ལ་ད་བར་དངུལ་གང་ཡོད་པ་དང། མི་དམངས་ཚོས་བསྔོ་རྟེན་སྐྱབས་རྟེན་གང་ཕུལ་བ་དེ་དགེ་རྩ་ཚོགས་པའི་མ་དངུལ་ཆགས་ཡོད། ལྷག་པར་དུ་གསལ་བོ་བཟོ་དགོས་པ་ཞིག་ལ། དགེ་རྩ་ཚོགས་པ་འདིའི་ཐོག་མའི་སྒྲིག་གཞིའི་ནང་ཕྱིའི་རོགས་སྐྱོར་འཚོལ་རྒྱུ་ཞིག་བཀོད་ཡོད་ཀྱང་། ད་ལོའི་ཚོགས་ཆེན་སྟེང་ལས་འཆར་དེ་བཀག་འགོག་བྱས་སོང་། ང་ཚོས་དངུལ་གསར་དུ་འཚོལ་རྒྱུ་མ་ཡིན་པར། སྔར་གང་ཡོད་པ་དེར་བདག་པོ་ཡག་པོ་ཞིག་བརྒྱག་རྒྱུ་དང། ཕན་རླབས་ངེས་ཅན་ཡོད་ས་ཞིག་ལ་གཏོང་རྒྱུ་དེ་ཚོགས་པའི་དམིགས་ཡུལ་རེད། ཅེས་གསུངས་སོང།
ཀིརྟི་དགེ་རྩ་ཚོགས་པའི་ལོ་འཁོར་ལས་བསྡོམས་ནང་བཀོད་པ་ལྟར་ན། ༢༠༠༨ ལོར་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཕྲུག་གཅིག་ལ་ལོ་གཅིག་གི་སློབ་ཡོན་ཆེད་སྒོར་ ༡༥༠༠༠ དང། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ལ་ཛ་དྲག་སྨན་བཅོས་ཀྱི་མཐུན་འགྱུར་ཆེད་སྒོར་ ༡༥༠༠༠ ། ངྷ་ས་རྒས་གསོ་ཁང་གི་རྒས་འཁོགས་ཉམ་ཐག་ ༢༢ ལ་འཚོ་སྣོན་སྒོར་ ༡༠༠ རེ། རྡོ་རྗེ་གླིང་རྒས་གསོ་ཁང་གི་རྒས་འཁོགས་ཤིག་ལ་ལོ་གཅིག་རིང་ཟླ་རེར་སྒོར་ ༥༠༠ རེ། བོད་ནས་འབྱོར་བའི་ནད་པ་ཞིག་ལ་སྨན་བཅོས་ཆེད་སྒོར་ ༥༠༠༠ ཕུལ་བ། དེ་བཞིན་དཔེ་དེབ་དཔར་སྐྲུན་དང། བོད་ཕྱི་ནང་གི་དཀའ་རྙོག་དང་ཁ་མཆུ་ཁག་ཅིག་འགྲིག་འཇགས་བཟོས་པ་བཅས་བཀོད་འདུག་ལ། ༢༠༠༩ ལོར་མདོ་སྨད་དབུས་རྒྱུན་གྱིས་ཛ་དྲག་ཉམས་ཐག་མ་དངུལ་རོགས་སྐྱོར་ཐད། ཧིན་སྒོར་འབུམ་ ༥ཞལ་འདེབས་སུ་ཕུལ་བ་བཅས་ད་ལོའི་དགེ་རྩའི་ལས་དོན་དབུ་འཛུགས་གནང་འདུག