བོད་རྒྱའི་བར་གྱི་འབྲེལ་མོལ་ལོ་འདིར་མི་འགྲིག་ཀྱང་ལོ་རྗེས་མར་བྱས་ཀྱང་ཆོག་ལ། ལོ་རྗེས་མར་མི་འགྲིག་ཀྱང་ལོ་ལྔའི་རྗེས་ནས་བྱས་ཀྱང་ཆོག ཅེས་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་ཡོད།
ཕྱི་ཚེས་ ༦ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ནིའུ་ཡོག་ནང་ཕེབས་ཡོད་པ་དང། དེར་ཡོད་ཕྱི་སྡོད་རྒྱ་རིགས་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་སྟེ། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བའི་སྐོར་ལ་བསམ་ཚུལ་བརྗེ་རེས་དང་གླེང་མོལ་གནང་ཡོད་འདུག་ལ། རྒྱ་ནག་གི་གསར་འགོད་པ་ཧོང་ཀྲོ་ཕིན་གྱི་བཅར་འདྲི་དང་ལེན་སྐབས་ཁོང་གིས་གསུངས་དོན། སྤྱི་ལོ་ ༡༩༧༩ ལོར་ང་རང་ཏིན་ཞོ་ཕིན་དང་ཐོག་མའི་ཐུག་འཕྲད་བྱས་པ་ནས་ལོ་ ༢༨ རིང་ངས་བོད་རྒྱ་གཉིས་ཀྱི་ཕོ་ཉའི་ལས་འགན་འདི་ཕྲག་ཏུ་བླངས་པ་ཡིན་ལ། ཐེངས་མང་པོ་ཐེ་ཝན་སོགས་སུ་བོད་རྒྱའི་གནད་དོན་ཆེད་སོང་བ་ཡིན། ༢༠༠༢ ལོ་ནས་བཟུང་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་བྱས་ཀྱང་གྲུབ་འབྲས་ཅི་ཡང་མ་སོན་པ་མ་ཟད། ལོ་སྔོན་མ་ནས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་མཚམས་འཇོག་བྱས་པ་རེད། དེའི་ཕྱོགས་ལ་ང་རང་སེམས་ཁྲལ་དང་བློ་ཕམ་སྐྱེས་མྱོང། བོད་རྒྱ་གཉིས་ནི་འདས་པའི་ལོ་རྒྱུས་ནང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ཕན་ཚུན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་སླ་བོ་ཞིག་རེད་བསམ། ང་ཚོ་ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བག་ལྷོད་ངང་གྲོས་མོལ་བྱ་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག གལ་སྲིད། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་པེ་ཅིན་དུ་གདན་འདྲེན་གནང་སྟེ་བོད་རྒྱ་གཉིས་ཀྱི་གནད་དོན་ཐད་གྲོས་མོལ་བྱས་ན། གནད་དོན་ལས་སླ་བོའི་ངང་ཐག་གཅོད་བྱ་ཐུབ་ལ། འདི་ནི་བོད་རྒྱའི་བར་གྱི་དཀའ་རྙོག་སེལ་བའི་ལམ་ཁ་ཉག་ཅིག་རེད། ང་ཚོ་ལོ་འདིར་མི་འགྲིག་ཀྱང་ལོ་རྗེས་མར་འགྲིག་གི་རེད་ལ། ལོ་རྗེས་མར་མི་འགྲིག་ཀྱང་ལོ་ལྔའི་རྗེས་ནས་གྲོས་མོལ་བྱས་ཀྱང་ཆོག གྲོས་མོལ་མ་བྱས་པ་ལས་བྱས་པ་བཟང་བས་ང་ཚོས་ཕན་ཚུན་གདོང་དང་གདོང་གཏུགས་ཏེ་གསལ་བོ་བཟོ་རྒྱུ་ལས། ཕན་ཚུན་ལ་འཁྱོག་བཤད་དང་རྒྱང་རིང་ནས་དམོད་རེ་བྱས་ན་ཕན་ཚུན་གཉིས་ལ་ཕན་ཐོགས་ཅི་ཡང་མེད། དེང་སྐབས་གསར་ལམ་གང་མང་ཞིག་ཏུ་བོད་ཀྱི་གནད་དོན་འཁྱོག་བརྗོད་དང་ཏཱ་ལའི་བླ་མར་མཚན་སྨོད་བྱས་པ་དེ། བོད་མིའི་སེམས་ལ་ཕོག་པའི་བྱ་ཐབས་ཤིག་ཡིན་པ་ལས། ཕན་པ་ཅི་ཡང་མེད། ཕན་ཚུན་འབྲེལ་འདྲིས་ཀྱི་ལམ་ནས་ཐག་གཅོད་བྱས་པ་ཡིན་ན་བོད་རྒྱའི་དཀའ་རྙོག་དེ་སེལ་ཐུབ་པ་ཞིག་རེད། རྒྱ་ནག་གིས་སྔོན་མ་ནས་རང་བཙན་ལས་གཞན་ཅི་ཡང་གླེང་ཆོག་ཅེས་དང་བོད་རྒྱ་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད། ད་ལྟ་སྒོ་མོ་ཡོངས་སུ་ཕྱེ་རོགས། སྒོ་ཅུང་ཙམ་ཕྱེ་ནས་ཕན་ཐོགས་ཀྱི་ཡོད་པ་མ་རེད། ཅེས་གསུངས་ཡོད་པ་རེད།
སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་གིས་ཕྱི་སྡོད་གནད་ཡོད་རྒྱ་རིགས་མི་སྣ་ཁག་ལ་ཐུག་འཕྲད་གནང་བ་དང་ནིའུ་ཡོག་ནས་ཐའེ་ཝན་དུ་ཕེབས་ཏེ་བོད་ཀྱི་གནད་དོན་དང་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་ཐད་ཀྱི་གནས་ཚུལ་རྒྱུས་ལོན་གནང་རྒྱུ་ཡིན་འདུག