མདོ་སྨད་བླ་བྲང་བསང་ཆུ་རུ་ན་ནིང་ཞི་རྒོལ་དང་གསར་འགོད་པའི་མདུན་དུ་བོད་མིའི་བདེ་སྡུག་གི་སྐད་ཆ་བཤད་མཁན་མི་སྣ་གཙོ་བོ་ལྔ་བྲོས་བྱོལ་དུ་བདེ་འབྱོར་བྱུང་ཡོད་པ་རེད།
དགེ་འདུན་པ་དེ་དག་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་སར་འབྱོར་རྒྱུ་ཡིན་པ་དང་། དེར་མདོ་སྨད་དབུས་རྒྱུན་དང་ས་གནས་མི་མང་གིས་ཁོང་ཚོ་བདེ་བླག་ངང་འབྱོར་བར་འཚམས་འདྲིའི་ཕེབས་བསུ་གནང་རྒྱུ་ཡིན་པ་རེད།
དགེ་འདུན་པ་དེ་ལྔ་ནི། དགེ་འདུན་རྒྱ་མཚོ། རང་ལོ་ ༣༩ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༣ ཚེས་ ༡༤ ཉིན་ཨ་མདོ་བླ་བྲང་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། སྐལ་བཟང་སྤྱིན་པ། རང་ལོ་ ༣༩ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༣ ཚེས་ ༡༤ ཉིན་ཨ་མདོ་བླ་བྲང་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། འཇམ་དབྱངས་སྤྱིན་པ། རང་ལོ་ ༢༤ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། བློ་བཟང་རྒྱ་མཚོ། རང་ལོ་ ༢༤ ཕ་ཡུལ་རྨ་ལྷོ་སོག་པོ་ཡུལ་རྒན་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། འཇིགས་མེད་རྒྱ་མཚོ། རང་ལོ་ ༢༣ ཕ་ཡུལ་མཚོ་སྔོན་ཐུན་ཏེ་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན།
གོང་བརྗོད་དགེ་འདུན་པ་དེ་ལྔ་བོ་ཞི་རྒོལ་རྗེས་ནས་དགོན་པར་འདུག་མ་ཐུབ་པར་ད་བར་ཕ་ཡུལ་གྱི་འབྲོག་ས་དང༌། རི་སྒང༌། ལུང་ཁུག། ས་ཁུལ་གཞན་བཅས་སུ་སོ་སོར་ཉེན་ཡོལ་བྲོས་བྱོལ་བྱས་ནས་བསྡད་པ་དང༌། ཉེ་སྔོན་ཁོང་ཚོ་དེ་ལྟར་ཉེན་ཡོལ་བྱས་ནས་བསྡད་པ་ལ་ཁོངས་འཁྱོལ་ཐབས་མེད་པས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སེམས་ཐག་ཆོད་པོས་བྲོས་བྱོལ་ལ་འགྲོ་རྒྱུའི་ལམ་ཁ་གདམས་པ་དང༌། ཐབས་ཤེས་འདྲ་མིན་བྱས་མཐར་སྤྱི་ཟླ་ལྔ་བའི་ཚེས་བདུན་ཉིན་བལ་ཡུལ་བརྒྱུད་རྒྱ་གར་ལ་བདེ་འབྱོར་བྱུང་ཡོད།
གནས་ཚུལ་གྱི་ཁུངས་ཀླ་འབུམ་བཀྲ་ཤིས་དང་མདོ་སྨད་དབུས་རྒྱུན་ཡིན།