རྒྱལ་གཅེས་དཔའ་བོ་ལྔའི་ལོ་རྒྱུས།

མི་རིགས་ཤིག་ལ་ཞབས་འདེགས་ཡག་པོ་ཞིག་བསྒྲུབ་དགོས་ན་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་མོད། ང་ལ་ཆ་རྐྱེན་ཚང་གིན་མི་འདུག ཆ་རྐྱེན་གཅིག་ཡོད་པ་ནི། རང་ཉིད་ཀྱི་ལུས་སྲོག་འདི་ཡིན་ཟེར།

 

སྔ་ལོར་མདོ་སྨད་བླ་བྲང་ནས་ཞི་རྒོལ་སྣེ་ཁྲིད་བྱེད་མཁན་གྲྭ་དགེ་འདུན་རྒྱ་མཚོ་དང་སྐལ་བཟང་སྦྱིན་པ། དེ་བཞིན། རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དུ་འབྱོར་སྐབས་བོད་ཀྱི་རྒྱལ་དར་ཕྱར་ཏེ། སྐད་འབོད་རྒྱག་མཁན་གྲྭ་འཇམ་དབྱངས་སྦྱིན་པ་དང་བློ་བཟང་རྒྱ་ཚོ། འཇིགས་མེད་རྒྱ་མཚོ་གསུམ་བཅས་དགེ་འདུན་པ་ ༥ ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཙོས་པའི་བཞུགས་སྒར་ཁུལ་གྱི་མི་དམངས་ཚོས་ཁ་བཏགས་སྒྲོན་ཏེ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ལ། ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད།

 

སྐབས་དེར་སྔར་ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ལས་འགུལ་སྣེ་ཁྲིད་པ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་ཞི་རྒོལ་ཆེན་མོའི་བྱུང་རིམ་ངོ་སྤྲོད་གནང་དོན། སྔར་ལོ་བླ་བྲང་དུ་ཞི་རྒོལ་བསྟུད་མར་ཐེངས་གསུམ་ལ་བྱུང་བ་ལས། ང་རང་ཉིན་དང་པོའི་སྣེ་ཁྲིད་པ་ཡིན། ཐོག་མའི་ཀུན་སློང་ཅི་ཞིག་ཡིན་ཟེར་ན། རང་ཉིད་ལ་མཚོན་ན་རིག་གནས་ཆུ་ཚད་དང་ཆབ་སྲིད་གོ་རྟོགས་མེད་ཀྱང༌། རང་མི་རིགས་ཀྱི་ལས་དབང་དང་མདུན་ལམ་ལ་བསམ་བློ་མང་པོ་བཏང་བ་ཡིན། མི་རིགས་ཤིག་ལ་ཞབས་འདེགས་ཡག་པོ་ཞིག་བསྒྲུབ་དགོས་ན་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་མོད། ང་ལ་ཆ་རྐྱེན་ཚང་གིན་མི་འདུག ཆ་རྐྱེན་གཅིག་ཡོད་པ་ནི་རང་ཉིད་ཀྱི་ལུས་སྲོག་འདི་ཡིན། འདི་ཉིད་བོད་བསྟན་སྲིད་ཀྱི་ཆེད་དུ་བསྟིམས་ཐུབ་པ་ཡིན་ན། ལས་བསོད་ནམས་བཟང་བ་མ་ཟད། མི་ལུས་ཐེངས་གཅིག་བླངས་པར་དོན་སྙིང་ཡོད་སོང་བ་རེད་སྙམ་སྟེ། སེམས་ཐག་གཙང་བཅད་དང་བློ་ཐག་རྦད་ཆོད་ཀྱིས་ཡར་ལངས་ཀྱི་སྣེ་འཁྲིད་རྒྱུའི་སེམས་ཐག་བཅད་པ་ཡིན།

 

ལོ་ལྟར་ཟླ་ ༣ པའི་ནང་བླ་བྲང་དགོན་པར་ཆོས་ཕྱོགས་ཀྱི་ཆོ་ག་རྒྱས་པ་ཞིག་ཡོད་སྟབས་མི་མང་འདུ་འཛོམ་བྱེད་ཀྱིན་ཡོད། ཕྱི་ཚེས་ ༡༤ ཉིན་དགོན་པའི་ཀླུ་རྫོང་ཞིག་ཡོད། ཉིན་གུང་རྗེས་དགོན་པའི་གླིང་བར་ནས་མགོ་བཙུགས་ཏེ་སྐད་འབོད་བྱས་པ་ཡིན། སྐབས་དེར་འབོད་ཚིག་འདྲ་མིན་རེད། དཔེར་ན། ༧རྒྱལ་བ་རིན་པོ་ཆེ་ཕྱིར་བོད་དུ་ཕེབས་འཇུག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ལ་རང་སྲིད་རང་སྐྱོང་དགོས། པཎ་ཆེན་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་གཏོང་དགོས། བོད་རྒྱའི་གྲོས་མོལ་དངོས་གཞི་མགོ་འཛུགས་བྱ་དགོས། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་དགོས། ང་ཚོ་སྨྲ་ཤེས་མཁན་ཞིག་ཡིན་པའི་ཆ་ནས་སྨྲ་བརྗོད་རང་དབང་དགོས། ང་ཚོ་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་དད་མོས་རང་དབང་དགོས་སོགས་རེད། དེ་ལྟར་སྐད་འབོད་བྱེད་བཞིན་རྫོང་སྲིད་གཞུང་གི་སྒོ་མདུན་བར་བསྐྱོད་པ་ཡིན། རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་དང་སྐྱབས་བཅོལ་གཞུང་གི་ངན་སྐུལ་གྱིས་བོད་རྒྱ་གཉིས་བར་འགལ་བ་བསླངས་སོང་ཟེར་གྱིན་ཡོད་ཀྱང༌། སྐབས་དེར་མ་གྲོས་བསམ་པ་གཅིག་མཐུན་གྱིས་མི་ཁྲི་གཅིག་ ༡༠༠༠༠ ལྷག་འདུ་འཛོམས་བྱུང་སོང་། ཚེས་ ༡༥ ཉིན་བསྐྱར་དུ་ཡར་ལངས་པ་རེད། འབོད་ཚིག་དང་རྣམ་པ་སྔར་ཉིན་དང་གཅིག་མཚུངས་རེད། སྐབས་དེར་རྒྱ་གཞུང་གི་དམག་མི་འབོར་ཆེན་ཡོང་སྟེ་དུག་མདའ་དང་དྲག་ཆས་བེད་སྤྱོད་བཏང་སྟེ། མི་མང་པོ་ཞིག་ལ་རྨས་སྐྱོན་དང་འཇིགས་སྐྲག་ཆེན་པོ་བསླངས་སོང་མོད། ང་རང་ལ་མཚོན་ན། ཉིན་དང་མཚན་ལ་རེ་སྒུག་བྱས་པའི་ཉི་མ་དེ་ཤར་སོང་བ་རེད།

 

དེ་ནས་རྒྱ་ལག་ལ་ཚུད་དུ་འཇུག་མ་འདོད་པར་རི་མགོར་འབྲོ་རྒྱུའི་སེམས་ཐག་བཅད་པ་ཡིན། ང་དང་ངའི་གྲོགས་པོ་ཚུལ་ཁྲིམས་ཟེར་བ་གཉིས་ངའི་ཕ་ཡུལ་བསང་ཁོག་ཏུ་བྲོས་པ་ཡིན། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་རྒྱ་དམག་ ༡༠༠ ཙམ་གྱིས་ངེད་གཉིས་བསྐོར་ཏེ་འཛིན་རྩིས་བྱས་ཀྱང་ངེད་གཉིས་བྲོས་ནས་ཐར་སོང། འོན་ཀྱང་། ཉིན་དེ་ནས་བཟུང་གྲོགས་པོ་ཚུལ་ཁྲིམས་དང་ཁ་གྱེས་སོང༌། དེའི་རྗེས་ཁོ་འཛིན་བཟུང་བྱས་ཏེ་ད་བར་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་ཡོད་པ་མ་རེད། རྫ་མགོ་རི་མགོ་ན་བྲོས་བྱོལ་དུ་བསྡད་ཡོད་པ་ང་ཚོ་ཙམ་མ་རེད་གཞན་མང་པོ་འདུག ལོ་གཅིག་ལྷག་རིང་གི་བྲོས་བྱོལ་སྐབས་འབྲོག་པ་མང་ཚོགས་ཀྱིས་ཟས་གོས་འཚོ་བར་རོགས་རམ་གང་ལེགས་བྱས་སོང། འོན་ཀྱང། ང་ཚོར་ལམ་ཁ་གཉིས་ལས་ལྷག་ཡོད་པ་མ་རེད། གཅིག་རྒྱ་ལག་ཏུ་འགྲོ་རྒྱུ་དང་གཉིས་པ་རང་དབང་གི་གནས་ཡུལ་ཞིག་ལ་སྐྱབས་བཅོལ་དུ་འགྲོ་རྒྱུ་དེ་རེད། མཐར་སྐྱབས་བཅོལ་དུ་འགྲོ་རྒྱུ་བདམས་པ་ཡིན། ཐེངས་འདིར་རྒྱ་གར་དུ་ཡོང་བའི་ལམ་ཁར་དཀའ་ངལ་དང་སྐྲག་སྣང་ཕྲན་བུ་རེ་བྱུང་སོང་མོད། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བདེ་བླག་ངང་འབྱོར་སོང། ཞེས་གསུངས་སོང༌།

 

དེའི་རྗེས་གྲྭ་སྐལ་བཟང་སྦྱིན་པ་ལགས་ཀྱིས་སྔར་ལོའི་ཟླ་ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པའི་སྔུན་དུ་བརྒྱུགས་ཏེ་སྐད་འབོད་བྱས་པའི་སྐོར་ངོ་སྤྲོད་གནང་དོན། ང་ཚོའི་ཐོག་མའི་ཀུན་སློང་ངོ་སྤྲོད་ཅིག་བྱས་ན་བསམ་སོང་། དང་པོ། རྒྱ་གཞུང་གིས་སྔོན་མ་བོད་བཙན་འཛུལ་བྱས་སྐབས། བོད་པའི་མི་འབོར་གྱི་ཕྱེད་ཙམ་རྩ་མེད་དུ་བཏང་ཡོད། རིག་གསར་ལས་འགུལ་སྐབས་བོད་པའི་ཆོས་དང་རིག་གཞུང༌། སྐད་ཡིག་གོམས་གཤིས་དང་བཅས་པར་གཏོར་བརླག་ཚབས་ཆེན་བཏང་ཞིང། རླབས་ཆེན་གྱི་མི་སྣ་མང་པོ་ཞིག་ལ་བཙོན་འཇུག་མནར་གཅོད་བཏང་ཡོད། ལོ་རབས་བརྒྱད་ཅུ་བ་ནས་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཅོམ་བཏང་ཡོད། རྒྱ་མི་མང་པོ་བོད་དུ་གནས་སྤར་ཅིང༌། བོད་མི་རིགས་ལ་ཚོད་འཛིན་བྱས། གཉིས་པ། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་རྒྱལ་བོ་དང༌། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། བོད་མི་ཡོངས་ཀྱིས་མིག་གིས་ལྟ་ས་དང་སེམས་ཀྱི་རེ་ས་གཅིག་པུ། ༧རྒྱལ་བ་རིན་པོ་ཆེ་མི་རིགས་ཀྱི་བདེན་དོན་དང༌། རང་དབང་ཆེད་ད་བར་ཕྱི་རོལ་ནས་བཞུགས་ཡོད་སྟབས། ཁོང་ཕྱིར་བོད་དུ་ཕེབས་ནས་ལྷ་ངོ་མི་ངོ་འཕྲོད་རྒྱུ་བཅས་ལ་དམིགས་ཏེ་ཡར་ལངས་བྱས་པ་ཡིན།

 

སྐབས་དེར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་གསར་འགོད་པ་ཕྱི་ཚེས་ ༩ ཉིན་བླ་བྲང་དུ་འབྱོར་རྒྱུ་རེད་ཟེར་མོད། རྒྱའི་གསར་ལམ་ཐོག་ཕྱི་ཚེས་ ༩ ཉིན་ལན་ཀྲུའུ་གནམ་ཐང་དུ་འབྱོར་རྒྱུ་ཡིན་ཚུལ་བསྒྲགས་སོང༌། འོན་ཀྱང༌། རྒྱ་གཞུང་གི་བྱ་སྤྱོད་དང་སྐད་ཆར་སྔོན་མ་ནས་ཡིད་ཆེས་མེད་པ་བཞིན། ང་ཚོས་ཕྱི་ཚེས་ ༨ ཉིན་གྱི་མཚན་མོ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་གྲ་སྒྲིག་བྱས་ཏེ། རྒྱལ་དར་གྱི་རྒྱབ་ངོས་སུ་ ༧གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་དུ། བཙན་འཛུལ་མཁན་གྱི་ཚོད་མེད་པའི་བཙན་གནོན་ལ། བོད་མི་ཡོངས་ནས་སྡུག་བསྔལ་འཁུར་མ་ཐུབ་པར། ངའི་མི་དམངས་ཀྱི་བཟོད་པའི་མཐའ་ཟད་པ་རེད། ཅེས་པའི་ཚིག་དེ་གཙགས་དྲུབ་བྱས་ཤིང༌། ང་ཚོའི་ཁ་ཆེམས་ཀྱི་ཚུལ་དུ། གཟུགས་ཅན་ལུས་ཀྱི་ཕུང་བོ། །ཚད་མེད་མནར་གཅོད་བཏང་ཡང༌། །ནང་གི་ཤེས་པ་གསལ་བོ། ། འཁོར་ས་ཡིད་བཞིན་ནོར་བུ། ཞེས་དང༌། མཇུག་ཏུ་སངས་རྒྱས་ཀྱི་བསྟན་དོན་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་དུ་བོད་མི་ཚོ་ཞི་བའི་སྒོ་ནས་ཡར་ལ་ལོངས་ཤོག ཅེས་བཀོད་ཡོད།

 

ཉིན་དེར་དགོན་པའི་རྡོ་གཅལ་ཐང་དུ་མི་སེར་དཀྱུས་མའི་གྱོན་ཆས་གྱོན་ཞིང༌། ལག་ཏུ་ཕྲེང་བ་འཛིན་མཁན་དང་། པར་ཆས་འཛིན་མཁན་མི་གྲངས་ ༣༠༠ ཡས་མས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག དེ་དག་ཚང་མ་དམག་མི་རེད། འོན་ཀྱང་། རྒྱལ་སྤྱིའི་གསར་འགོད་ཚོ་ཚོགས་ཆེན་འདུ་ཁང་མདུན་དུ་འབྱོར་མ་ཐག སྔུན་ལ་བརྒྱུགས་ཏེ་སྐད་འབོད་བྱས་པ་ཡིན། ང་ཚོས་པེ་ཅིན་ཨོ་ལིམ་པིག་ལ་ངོ་རྒོལ་མེད། ཅེས་ཁ་གསལ་བོ་བྱས་ཏེ་བཤད་པ་ཡིན། སྐབས་དེར་བོད་མི་ ༣༠ ལྷག་འདུག ང་ཚོས་ལས་འགུལ་ཐོག་མར་སྤེལ་སྐབས། རྒྱ་ནག་གི་བཙོན་འོག་ནས་སྡུག་སྦྱོང་མནར་གཅོད་མྱོང་དགོས་པ་དང་། ལོ་མང་པོར་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་སོགས་ལ་བསམ་བློ་བཏང་ཡོད་ལ། ཐ་ན་རང་གི་ཚེ་སྲོག་ཀྱང་རང་ལ་དབང་དཀའ་བ་ཤེས་ཡོད། ཉིན་དེར་རྒྱལ་སྤྱིའི་གསར་འགོད་པ་དག་ལ་ཡང་། ཁྱེད་ཚོ་ཕྱིར་སོང་བའི་ཤུལ་དུ་ངེད་ཅག་ཉི་མ་གཅིག་ལའང་གསོན་ཐུབ་མིན་མི་ཤེས། ཉི་མ་དེ་རིང་ནས་ངེད་ཅག་གི་ཚེ་སྲོག་ལ་རིན་ཐང་མེད། ཅེས་བཤད་པ་ཡིན་ལ། སྐབས་དེའི་རྒྱལ་དར་ཡང་གསར་འགོད་པ་དག་གི་ལག་ཏུ་གཏད་དེ། བོད་པའི་རྒྱལ་དར་འདི་ལའང་ང་ཚོས་བདག་པོ་བརྒྱག་ཐུབ་གི་མ་རེད། ཁྱེད་ཅག་ལ་བཅོལ་བ་ཡིན། ཅེས་བཤད་པ་ཡིན།

 

གསར་འགོད་པ་རྣམས་ཕྱིར་ལོག་མ་ཐག་དགོན་པ་ཡོངས་དམག་མིས་བསྐོར་སོང་། ཐ་ན་ལོ་བཅུ་གྲངས་ཅན་གྱི་བྱིས་པ་ཡང་ཕར་ཚུར་གཏོང་གི་མི་འདུག ཉིན་དེའི་དགོང་མོ་གྲྭ་ཤག་གཞན་ཞིག་ནས་ཉལ་བ་ཡིན། ཕྱི་ཚེས་ ༡༠ ཉིན་དགོན་པ་ནས་ཐོན་སྐབས། སྔོན་མ་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཁོ་ན་ལས། ཐར་ཐུབ་རྒྱུར་བསམ་བློ་བཏང་མེད་སྟབས་གྲ་སྒྲིག་གང་ཡང་ཡོད་པ་མ་རེད། ཉིན་དེ་ནས་བཟུང་རྫ་མགོ་རི་མགོ་དང་རི་ཁྲོད་ནགས་གསེང་ལ་འཁྱམས་ཏེ་འཚོ་བ་བསྐྱལ་བ་ཡིན། དེ་ལྟར་དཀའ་ངལ་མི་ཉུང་བ་ཞིག་བརྒྱུད་མཐར་རྒྱ་གར་དུ་ཐར་སོང་བ་རེད། ཅེས་བརྗོད་སོང།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

23 thoughts on “རྒྱལ་གཅེས་དཔའ་བོ་ལྔའི་ལོ་རྒྱུས།

  1. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ།

    གངས་ཅན་ལྗོངས་ཀྱི་དཔའ་བོ་དགེ་འདུན་པ་ཁྱེད་རྣམས་ལ་གུས་བཏུད་དང་འབྲེལ་ཁྱེད་རྣམས་པའི་མཛད་བྱེས་ལ་བཀྲིན་རྗེས་དྲན་དང་རང་དབང་ལུང་པར་ཕེབས་ཐུབ་པར་ཧ་ཅང་དགའ་འཚོར་བྱུང་།
    གུང་བྲན་སྡུག་རྩུབ་ཆེ་རྐྱེན།
    གཞིས་ལུས་སྐུ་ལས་ཆེ་སོང་།
    གཞིས་ལུས་སྟོབས་དེ་འདྲ།
    དངོས་འབྲེལ་གངས་ཕྲུག་རང་རེད།
    ཐུགས་རྗེ་ཆེ།

  2. ལི་ཆུ་དྭངས་མ།

    བོད་ཀྱི་དཔའ་རྒོད་རྣམས་ཀྱི་ལ་རྒྱས་དར་ཆ་སྒྲེང་སྟེ་རྡ་སར་འབྱོར་བ་སེམས་སྟིང་ནས་བསྔགས་བརྗོད་དང་རྗེ་སུ་ཡིད་རིང་ཞུ། ཁྱེད་ཅགས་ཀྱི་མི་རིགས་ཀྱི་ལ་རྒྱ་དང་དཔལ་སྙིང་མཚོན་པར་བྱས་ཡོད་ལ་ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ལ་ྨིག་ལྟོས་བཟང་པོ་ཞིག་བཞགས་ཡོད་པས་བསྐྱལ་དུ་བསྔགས་དང་རྗེ་སུ་ཡིད་རིང་ཞུ། ད་ཁྱེད་ལྕག་གི་མདུན་ལམ་འོད་སྟོང་ལྡན་ལ། ཚེ་རབས་ཀུན་ཏུ་འཕགས་མཆོགས་ཕྱག་ན་པདྨོས་རྗེས་སུ་འཛིན་པ་ལ་ཐེ་ཚོམ་མི་དགོས་སོ།།

  3. ལི་ཆུ་དྭངས་མ།

    བོད་ཀྱི་དཔའ་རྒོད་རྣམས་ཀྱི་ལ་རྒྱས་དར་ཆ་སྒྲེང་སྟེ་རྡ་སར་འབྱོར་བ་སེམས་སྟིང་ནས་བསྔགས་བརྗོད་དང་རྗེ་སུ་ཡིད་རིང་ཞུ། ཁྱེད་ཅགས་ཀྱི་མི་རིགས་ཀྱི་ལ་རྒྱ་དང་དཔལ་སྙིང་མཚོན་པར་བྱས་ཡོད་ལ་ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ལ་ྨིག་ལྟོས་བཟང་པོ་ཞིག་བཞགས་ཡོད་པས་བསྐྱལ་དུ་བསྔགས་དང་རྗེ་སུ་ཡིད་རིང་ཞུ། ད་ཁྱེད་ལྕག་གི་མདུན་ལམ་འོད་སྟོང་ལྡན་ལ། ཚེ་རབས་ཀུན་ཏུ་འཕགས་མཆོགས་ཕྱག་ན་པདྨོས་རྗེས་སུ་འཛིན་པ་ལ་ཐེ་ཚོམ་མི་དགོས་སོ།།