ཨ་རིའི་གསར་འགོད་པ་ཞིག་གློད་གྲོལ།

ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཨ་རིའི་གསར་འགོད་པ་ཞིག་གློད་གྲོལ།
ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་རིའི་གསར་འགོད་ Roxana Saberi ཞེས་པ་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གློད་གྲོལ་ཐོབ་ཡོད་འདུག
ཁོ་མོའི་ཁྲིམས་རྩོད་པས་བརྗོད་པ་ལྟར་ན། Roxana Saberi ཁོ་མོར་ཨེ་རན་གཞུང་གིས་བཙུགས་པའི་གསང་ཉུལ་བའི་ཉེས་མིང་དེ་ཁུངས་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་སྟབས། ཨ་རིའི་གཞུང་གིས་ཡང་ཡང་ཨེ་རན་གཞུང་ལ་ཁོ་མོར་ཁུངས་མེད་ཉེས་འཛུགས་ཕྱིར་འཐེན་གྱིས། མྱུར་ཏུ་གློད་གྲོལ་གཏོང་དགོས་སྐོར་ནན་བརྗོད་བྱས་པ་མ་ཟད། ཡོ་རོབ་རྒྱལ་ཁབ་ཁག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་བཅས་ཀྱིས་ཀྱང་ཁོ་མོ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་ལྟར་གོང་ཚེས་ཉིན་གློད་གྲོལ་བཏང་བ་ཡིན་སྐོར་བརྗོད་ཡོད།
Roxana Saberi ཁོ་མོ་ལོ་དྲུག་གི་གོང་ནས་ཨེ་རན་དུ་ཡོང་ནས་ཨེ་རན་རྒྱལ་ཡོངས་མི་མང་རླུང་འཕྲིན་དང་། BBC བརྙན་འཕྲིན་བཅས་ཀྱི་གསར་འགོད་པའི་ལས་དོན་གཉེར་མྱོང་། ཁོ་མོའི་ཨ་ཕ་ནི་ཨེ་རན་མི་སེར་ཡིན་པ་དང་ཨ་མ་ཨ་རིའི་མི་སེར་ཡིན་འདུག ཁོ་མོ་གློད་གྲོལ་བཏང་རྗེས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཁོ་མོར་ད་ལྟའི་ཆར་མོ་རང་གི་ནང་མི་མཉམ་དུ་ངལ་གསོ་བྱས་སྡོད་རྒྱུ་ལས་གཞན་མུ་མཐུད་ལས་དོན་བསྒྲུབ་རྒྱུའི་ཐད་འཆར་གཞི་གང་ཡང་མེད་སྐོར་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

10 thoughts on “ཨ་རིའི་གསར་འགོད་པ་ཞིག་གློད་གྲོལ།

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས།

    ལོ་བརྒྱད་རིང་དང་ལོ་བརྒྱད་ཀྱི་ཞེས་བ་གཉིས་ལ་དོན་གྱི་ཆ་ནས་ཁྱད་པར་ཡོད།
    ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཟེར་དུས། ཁྲིམས་ཆད་འཕོག་ཡུལ་གསར་འགོད་པ་དེར་ལོ་བརྒྱད་ཧྲིལ་བོར་བཙོན་འཇུག་ཁྲིམས་ཆད་ཕོག་ཚར་བ་སྟོན་གྱི་ཡོད།
    ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཟེར་དུས། ཁྲིམས་ཆད་འཕོག་ཡུལ་གསར་འགོད་པ་དེར་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་འགྱུར་གྱི་སྐད་ཆ་བཤད་ཀྱི་ཡོད་། བརྗོད་པ་སྔ་མ་དེ་འདས་བ་དང་བརྗོད་པ་ཕྱི་མ་དེ་མ་འོངས་བའི་འདས་བ་རེད།
    དེ་ནས། ལོ་བརྒྱད་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཟེར་བ་དང་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟེར་བ་འདི་གཉིས་ལ་ཡང་གོང་མཚུངས་བཞིན་ཁྱད་པར་ཡོད་།
    བཅད་པ་དང་བཅད་འགྱུར་གྱི་ཁྱད་པར་ཡོད། གོང་གི་བརྗོད་པའི་ཁོངས་སུ། ཕོག་འགྱུར་ཟེར་བ་དང་བཅད་འགྱུར་ཟེར་བ་དེ་གཉིས་ནམ་རྒྱུན་གྱི་འཕོག་འགྱུར་དང་གཅོད་འགྱུར་གཉིས་ཀྱི་གོ་དོན་དང་གཅིག་མཚུངས་མིན། དེར་བརྟེན། ལོ་བརྒྱད་རིང་གི་ཟེར་བ་ལས་ལོ་བརྒྱད་ཀྱི་ལབ་ན་དོན་ལ་གནས་སྙམ།
    དེ་ཙམ་ཞུ།