བོད་མིའི་སྣུམ་ལྡུག་ས་ཚིགས།

སྦེལ་ཀོབ་མཉམ་འབྲེལ་གྱིས་གཉེར་བའི་སྣུམ་ལྡུག་ས་ཚིགས་སུ། ཉིན་རེ་བཞིན་ཚོང་གི་འཁོར་རྒྱུག་ནི་ཧིན་སྒོར་འབུམ་གཉིས་དང་ཁྲི་ལྔ་ཡས་མས་རེད་ཟེར།
ཕྱི་ཚེས་ ༡༤ ཉིན་གསར་འགྱུར་ལས་རིགས་པའི་ཐོག་ཏུ་མཐོ་སློབ་འགྲིམ་བཞིན་པའི་མཐོ་རིམ་སློབ་མ་བནྡེ་སྐྱབས་དང་ཕྲན་གཉིས་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག གཞིས་གྲོང་ཁག་བཅས་སུ་བསྐོར་སྐྱོད་དུ་ཕྱིན། དེ་ནི་གསར་འགྱུར་ལས་རིགས་པའི་ལས་ཀ་གཉེར་མཁན་ཞིག་དང་གསར་འགྱུར་ལས་རིགས་ཐོག་མཐོ་སློབ་འགྲིམ་མཁན་ངེད་གཉིས་ཀྱིས་ཕྱོགས་ཡོངས་ནས་སྦེལ་ཀོབ་གཞིས་ཆགས་ཀྱི་རྣམ་པར་རྒྱུས་ལོན་ཙམ་བྱེད་པའི་ཆེད་ཡིན།
ཉིན་དེར་ངེད་གཉིས་སྦེལ་ཀོབ་ནས་མེ་སོར་དུ་འགྲོ་སའི་གཞུང་ལམ་ཟུར་དུ་ཡོད་པའི་སྣུམ་ལྡུག་ས་ཚིགས་སུ་སྦག་སྦག་ལ་སྣུམ་ལྡུག་ཏུ་ཕྱིན། སྣུམ་ལྡུག་ས་ཚིགས་དེ་ནི་ངེད་གཉིས་ཀྱིས་ཐེངས་དང་བོར་མཐོང་བའི་བོད་མིའི་ཁྱད་ཆོས་ཚང་བའི་སྣུམ་ལྡུག་ས་ཚིགས་དེ་ཡིན་ལ། སྣུམ་ལྡུག་ས་ཚིགས་འདིའི་ཕྱིའི་བཟོ་བཀོད་ལ་བོད་པའི་རི་མོ་བཀྲ་ཤིས་རྟགས་བརྒྱད་སོགས་བྲིས་ཡོད་ཅིང་། ལས་ཁུངས་ཀྱི་ཤེད་སྒོའི་ངོས་སུ་༼ སྦེལ་ཀོབ་ལུགས་བསམ་བོད་མིའི་མཉམ་འབྲེལ། ༽ཞེས་བོད་དབྱིན་བྲིས་ཡོད་པ་མ་ཟད། ཞབས་ཕྱི་བ་རྣམས་ནི་སྒྲིག་ཆས་སྔོ་ནག་རེ་གྱོན་པའི་བོད་མི་ཤ་སྟག་རེད། སྐབས་དེར་ངེད་གཉིས་སུ་ཡིན་ཡང་ཐེངས་དང་བོར་བོད་རིགས་ཀྱིས་གཉེར་བཞིན་པའི་སྣུམ་ལྡུག་ས་ཚིགས་ཤིག་དང་བོད་སྐད་རྣལ་མ་བཤད་ན་གོ་བའི་བོད་རིགས་ཤིག་གི་སར་ནས་སྦག་སྦག་ལ་སྣུམ་ལྡུག་རྒྱུ་བྱུང་བས་སྤྲོ་བ་འགོག་མེད་རེ་སྐྱེས་བྱུང་།
རྒྱུས་ལོན་བྱས་པ་ལྟར་ན། སྣུམ་ལྡུག་ས་ཚིགས་འདི་ནི་སྦེལ་ཀོབ་བོད་མིའི་མཉམ་འབྲེལ་དང་ས་གནས་མངའ་སྡེ་གཞུང་གཉིས་མཉམ་འབྲེལ་ཐོག་བཙུགས་པ་དང་། ད་བར་ལོ་སུམ་ཅུ་ལྷག་འགྲོ་བཞིན་པ་མ་ཟད། མངའ་སྡེ་གཞུང་གིས་མི་ལོ་ ༢༥ རིང་མུ་མཐུད་སྣུམ་ལྡུག་ཞབས་ཕྱིའི་ལས་ཀར་རྒྱུན་འཁྱོངས་བྱས་པའི་གཟེངས་བསྟོད་བྱ་དགའ་ཡང་གནང་མྱོང་ཡོད་འདུག
སྣུམ་ལྡུག་ས་ཚིགས་འདིའི་ཉིན་རེའི་ཚོང་གི་འཁོར་རྒྱུག་ནི་ཧིན་སྒོར་འབུམ་གཉིས་དང་ཁྲི་ལྔ་ཡས་མས་ཡིན་འདུག་ལ། ཞོགས་པའི་ཆུ་ཚོད་ ༨ ནས་དགོང་མོའི་ཆུ་ཚོད་ ༡༠ བར་མི་བཞི་རེས་ལས་ཀ་བྱེད་ཀྱིན་འདུག་ཡོད་འདུག
ལས་བྱེད་བྱམས་པ་ལགས་ཀྱིས། ས་གནས་འདིའི་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་དུས་རྟག་པར་ང་ཚོའི་སྣུམ་ལྡུག་ས་ཚིགས་འདིར་ཡོང་ནས་སྣུམ་ལྡུག་གི་འདུག་ལ། དེ་ནི་ང་ཚོས་སྣུམ་ནང་དུ་བསེ་སྦྱོར་གང་ཡང་བྱས་མེད་པར་རང་སོར་བཞག་ཡོད་པས་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱིས་ཀྱང་ང་ཚོའི་སྣུམ་ཡག་པོ་འདུག་ཟེར་གྱིན་འདུག་ཅེས་བརྗོད་བྱུང་།  
ཨ་རིག་འགྱུར་མེད་ཀྱིས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་མིའི་སྣུམ་ལྡུག་ས་ཚིགས།

  1. སྤྱིར་བཟང་གི་ ཡིན་ཡང་ངུ་རྒྱུ་ལང་བྱུང༌། མི་ལོ་ལྔ་བཅུའི་ནང་ལ་སྣུམ་བླུག་ས་ཚིགས་ཤིག་སྒྲུབ་པར་ཁྱབ་བསྒྲགས་གནས་སར་གང་བ་ཞིག་བྱེད་ཀི་ འདི་ད་ལས་ཀ་མ་བྱས་པ་དང་མ་འཇོན་པའི་རྟགས་མཚན་ཆེན་པོ་ཞིག་རེད་ཡཱ།

  2. བོད། ཤ་ཁྲག་རུས་གསུམ།

    གནས་ཚུལ་དངོས་ནས་དྲང་ནས་ཀྱི་ཡག་པོ་རེད། བོད་པ་ཚང་གི་ལས་ཀ་འདི་ལྟར་བྱས་པ་ཡིན་ན་ནི། ད་གཟོད་བོད་པ་རང་གིས་མི་ལ་ལས་ཀ་མི་རེག་པའི་དཀའ་ངལ་ཉུང་དུ་འགྲོ་སྲིད་པ་ཞིག་རེད།