མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་ཚོར་དམག་སྦྱོང་སྤྲད་ཡོད་འདུག
བོད་ཀྱི་དུས་བབ་ཟིན་བྲིས་པ་ཨ་རིག་དགེ་མཐོང་ལགས་ཀྱི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཆབ་ཆར་ཡོད་པའི་ལན་ཀྲོའུ་དམག་ཁུལ་གྱིས་གོ་སྒྲིག་བྱས་པ་བཞིན། སྤྱི་ཟླ་༤བའི་ཚེས་༡༡ཉིན་ནས་བཟུང་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དང་མི་རིགས་དགེ་ཐོན་སློབ་གླིང་། མཚོ་ལྷོ་ཡན་ལག་སློབ་ཁུལ་བཅས་ཀྱིས་ཐེངས་འདིའི་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་བེད་སྤྱད་ནས་གྲྭ་སྒྲིག་འཛིན་གྲྭ་དང་ཆེད་སྦྱོང་འཛིན་གྲྭ༨དང་འཛིན་གྲྭ་༩༼དར་མ་འཛིན་གྲྭའི༽སློབ་ཕྲུག་ཚོར་དམག་སྦྱོང་ཞིག་སྤྲད་ཡོད་འདུག་ལ། དམག་སྦྱོང་ལ་ཞུགས་པ་རྣམས་ལ་རིན་མེད་དུ་དམག་ལྭ་གསར་བ་ཆ་ཚང་རེ་བྱིན་པར་མ་ཟད། ད་དུང་དམག་སྦྱོང་སྐབས་ཉིན་རེར་རྒྱ་སྒོར་བཅུ་ཡི་གླ་ཕོག་ཀྱང་ཡོད་འདུག
དམག་སྦྱོང་གཙོ་བོ་ནི་དམག་ལྭ་གྱོན་ཞིང་ལག་ཏུ་དབྱུག་པ་དང་འགོག་སྲུང་ཡོ་ཆས་བཟུང་ནས་ཕ་རོལ་བོར་ཇི་ལྟར་རྒོལ་བ་དང་རང་ཉིད་སྲུང་ཐབས་བྱེད་པའི་ཐད་ལ་སྦྱོང་བརྡར་བྱེད་རྒྱུ་དེ་ཡིན་འདུག