ཡུ་རོབ་ཆིབས་བསྒྱུར།


ཌེ་ནེ་ཤིའི་སྲིད་བློན་སྐུ་ཞབས་ Lars Løkke Rasmussen མཆོག་གིས་ཟླ་མཇུག་འདིར་༧གོང་ས་མཆོག་རྒྱལ་ཁབ་དེར་ཕེབས་སྐབས་སྲིད་བློན་གྱི་གཟིམ་ཤག་ནས་མཇལ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

སྐུ་ཞབས་ Lars Løkke Rasmussen མཆོག་གིས་ཁོང་ཉིད་༧གོང་ས་མཆོག་ལ་མཇལ་རྒྱུའི་གཏམ་བཤད་དེ་ཕྱི་ཚེས་ ༡༥ ཉིན་བསྒྲགས་ཡོད་པ་དང་། ཁོང་རྣམ་གཉིས་མཇལ་འཕྲད་ཀྱི་ཉིན་མོ་ནི་ཟླ་འདིའི་ཚེས་ ༢༩ ཉིན་ལ་གཏན་འཁེལ་གནང་ཡོད་པ་རེད།

གནས་ཚུལ་གཞན་ལྟར་ན། ཌེ་ནེ་ཤིའི་སྲིད་བློན་ཟུར་པ་སྐུ་ཞབས་ Anders Fogh Rasmussen མཆོག་གིས་ཀྱང་ཁོང་ཉིད་ཟླ་འདིའི་ཚེས་ ༢༩ ཉིན་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་ཚུལ་གསུངས་ཡོད་འདུག

གོང་ས་མཆོག་གིས་ཚེས་ ༢༩ ནས་ ༣༡ ཉིན་བར་རྒྱལ་ཁབ་དེར་གཟིགས་སྐོར་གནང་རྒྱུ་དང་། སྐབས་དེར་ཉིན་གཉིས་རིང་བྱང་ཆུབ་སེམས་འགྲེལ་དང་། སྒོམ་རིམ་བར་པ་གཉིས་ཀྱི་གསུང་ཆོས་གནང་རྒྱུ་དང་། དེ་བཞིན་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཀྱང་གནང་རྒྱུ་ཡིན་འདུག

ཐེངས་འདིར་༧གོང་ས་མཆོག་རྒྱལ་ཁབ་དེར་གདན་འདྲེན་གནང་མཁན་གྱི་གྲས་སུ་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ལ་ཁ་རིན་པོ་ཆེ་མཆོག་ཡོད་ལ། ཁོང་གི་སྣེ་འཁྲིད་དེར་ཡོད་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཀྱང་འབུལ་རྒྱུ་ཡིན་འདུག ༧གོང་ས་མཆོག་གིས་གསར་འགོད་འདུ་འཛོམས་དང་ཌེ་ནེ་ཤིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་རྒྱུ་རེད།

ཌེ་ནེ་ཤིའི་མཛད་འཕྲིན་ཁག་གྲུབ་རྗེས་༧གོང་ས་མཆོག་ནེ་ཌར་ལན་ཌིར་ཆིབས་བསྒྱུར་གྱིས་དེ་གའི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་རྒྱུ་རེད།

ནེ་ཌར་ལན་ཌིའི་གཟིགས་སྐོར་གྲོལ་མཚམས་༧གོང་ས་མཆོག་ཧྥ་རན་སིར་ཆིབས་བསྒྱུར་གྱིས་པཱ་རེ་སི་གྲོང་ཁྱེར་གྱི་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་བཞེས་རྒྱུ་དང་། དེར་བཞུགས་མང་ཚོགས་ལ་བསམ་བློའི་འཁྱེར་སོ་དང་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་ཀྱང་གནང་རྒྱུ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

6 thoughts on “ཡུ་རོབ་ཆིབས་བསྒྱུར།

  1. རུ་དམ་ལུང་གི་བུ།

    ལོ་སོ་གསུམ་ལོན་པའི་ཕྲན་ཆུང་རང་ཡུལ་གངས་ལ་རི་བོ་བརྒལ་ནས་ལོ་ངོ་དགུ་ཕྱིན་སོང། དེའི་རིང་ལ་རང་རིགས་ལ་རང་ནུས་དང་འཐུན་པའི་ཞབས་ཞུ་ཞུ་དང་ཞུ་བཞིན་ཡོད། དཔེར་ན། གནའ་དཔེ་གསར་བསྐྲུན་ཁང་། རྒན་གསོ་ཁང་། སྒྲུབ་གྲྭ་སོགས།
    གང་གི་ཞལ་གསུང་དྲོན་མོའི་ལམ་སྟོན་སློབ་གསོ་ཐོས་འདོད་ནས། རེ་བའི་འདུན་མ་གྲངས་མེད་ཕུལ་ཡང་ད་དུང་སྐལ་དམན་བདག་ལ་གོ་སྐབས་མ་བྱུང་། དོན་ལ་རང་རེའི་ལུས་སྲོག་གཉིས་ལས་གཅེས་པའི་སྐྱབས་མགོན་ནོར་བུ་གཅིག་པོ་འཇལ་བ་ལ་སྒོ་ཀུན་ནས་གཟབ་གཟབ་ཡག་པོ་ཞིག་བྱེད་དགོས་པ། སྐུའི་ཉེ་གནས་ལས་བྱེད་པ་རྣམ་དང་རང་རེ་བོད་པ་རྣམས་ཀྱི་རྩ་བའི་ལས་ཀ་ཡིན་ཀྱང་། འཚམ་རེ་འདི་འདྲའི་ངོ་དགའ་སོགས་མི་ཤེས་མཁན་ཕྲན་ལྟ་བུ་ལ་ཟུར་འཇལ་གྱི་སྐལ་བ་མེད་པ་འདི་དངོས་གནས་སེམས་ཤུགས་ཉམས་པའི་རྒྱུ་དང་བློ་ཕམ་ཆེན་པོ་འདུག

  2. བོད། ཤ་ཁྲག་རུས་གསུམ།

    མིག་ཟུང་ཁྱེད་ཀྱིས་ཕྱོགས་སུ་ཉིན་ལྟར་གཏད།།
    སེམས་པ་ཁྱེད་ཀྱིས་ཕྱོགས་སུ་ཉིན་མཚན་འཁོར།།
    རེ་སྒུག་ཁྱེད་ཉིད་ཁོ་ན་བྱེད་མཁན་གྱི།།
    གངས་ཅན་བོད་མི་དེ་དག་སྙིང་རྗེའི་ཡུལ།།