ཨེ་ཤ་ཡའི་དམག་འཁྲུག་ཅིག་གི་མཐའ་མའི་ཡོ་ལང་།

དེ་རིང་ལོ་ ༢༥ རིང་གི་ཨེ་ཤ་ཡའི་དམག་འཁྲུག་ཅིག་མཇུག་རྫོགས་ཀྱིན་ཡོད་པར་བཤད། ཤྲིལིང་ཀའི་གཞུང་གིས་ཁ་སང་ཕྱི་ཚེས་ ༡༦ ཉིན་ཊ་མོལ་སྟག་ཚོགས་ངོ་ལོག་ཚོགས་པ་དེ་ཕམ་པར་བརྒྱབས་པར་བསྒྲགས།

ཤྲི་ལིང་ཀའི་གཞུང་གིས་ལོ་ ༢༥ རིང་ལ་ཐོག་དང་པོར་གླིང་ཕྲན་དེའི་མཚོ་བརྒྱུད་མཐའ་དག་འཇུས་ཏེ། གླིང་ཕྲན་འདིའི་དམག་འཁྲུག་མཇུག་སྒྲིལ་གྱིན་ཡོད་པར་བཤད། གཞུང་དམག་གིས་བཤད་དོན། ཁོང་ཚོས་གཡུལ་སའི་ཉེ་འཁོར་གྱི་མི་སེར་རྣམས་ཊ་མོལ་སྟག་ཚོགས་ཀྱིས་རང་ཉིད་ཀྱི་སྲུང་སྐྱོབ་ལ་ཉར་ཡོད་པ་ཚང་མ་བདེ་འཇགས་ཀྱིས་སྐྱོབ་ཐུབ་སོང་ལ། ཊ་མོལ་སྟག་ཚོགས་ཀྱི་བཙན་རྫོང་ཆེ་ས་ཁག་ལ་ཕར་རྒོལ་དྲག་པོ་བྱས་ཏེ་གཟའ་ཉི་མའི་ཉིན་འགག་སྒོ་མཐའ་མ་དེ་གཏོར་བར་བཤད། གཟའ་ཕུར་བུའི་ཉིན་ནས་བཟུང་ Vellimullivaikal ཞེས་པའི་ས་ཁུལ་ནས་མི་སེར་ ༥ ཁྲི་སྐྱབས་ལ། ཁ་སང་གཟའ་སྤེན་པའི་ཉིན་མི་སེར་སུམ་ཁྲི་བདུན་སྟོང་ ༣༧༠༠༠ སྐྱབས་པར་བཤད། མཐའ་མཇུག་གི་དམག་འཁྲུག་འདི་མགོ་མ་བཙུགས་པའི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོད་རྩིས་ལྟར་ན། ས་ཁུལ་དེར་མི་སེར་ ༥ ཁྲི་ནས་ཆིག་འབུམ་བར་ཡོད་པར་བཤད།

ད་ཆར་ཊ་མོལ་སྟག་ཚོགས་ཀྱི་དམང་མི་རྣམས་ཀྱིས་གཡུལ་སའི་མཐའ་འཁོབས་ནས་འགད་རྫས་དང་མཉམ་དུ་རང་སྲོག་བློས་གཏོར་ཏེ་གཞུང་ལ་འཐབ་མགོ་བཙུགས་ཡོད་འདུག མེ་ཤུགས་འཕུར་མདེལ་དང་སྒྱོགས་མདེལ་གྱི་རིགས་ནི་མཚམསམ་ཆད་པར་གཡུག་གིན་འདུག་ཟེར།

ད་ཆར་ཕྱོགས་གཉིས་ཀས་ཕན་ཚུན་ལ་ཅིག་ཤོས་ཀྱིས་མི་སེར་དམར་གསོད་བྱེད་ཀྱིན་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱིན་ཡོད་པ་རེད།

བདུན་ཕྲག་སྔོན་མའི་ནང་ཨ་རི་དང་དབྱིན་ཇི། ཧྥ་རན་སི། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་དམག་འཁྲུག་མཚམས་འཇོག་ཡོང་བའི་འབོད་སྐུལ་དང་གནོན་ཤུགས་སྤྲད་ཀྱང་མཐའ་མཇུག་གི་དམག་འཁྲུག་འདི་འགོག་པར་རྗེས་ལུས་ཐེབས་དྲག་འདུག་ཟེར་ལ། ཕྱི་ཚེས་ ༡༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ བྷན་ཁེ་མོན་གྱི་མཐོ་རིམ་སྐུ་ཚབ་ཀྱིས་ཕན་ཚུན་གཉིས་ཀར་གྲོས་འགྲིག་ཡོང་ཐབས་ཀྱི་ལམ་ཁ་བཙལ་ཡང་ཕན་ཐོགས་བྱུང་ཡོད་མི་འདུག

དེ་རིང་དང་སང་ཉིན་གཉིས་ཀྱི་གཅིག་ལ་ཤྲི་ལིང་ཀའི་སྲིད་འཛིན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་གཡུལ་འཁྲུག་གི་རྒྱལ་ཁ་ཁྱབ་བསྒྲགས་བྱ་རྒྱུ་དང་། ཉིན་མོ་དེ་ནི་རྒྱལ་ཡོངས་བཅིངས་འགྲོལ་གྱི་ཉིན་མོར་སྲུང་གཙི་བྱ་རྩིས་ཡོད་འདུག

ཊ་མོལ་སྟག་ཚོགས་ཀྱི་དབུ་ཁྲིད་ Prabhakaran གྱིས་ ༡༩༧༠ ལོ་ནས་བཟུང་ཊ་མོལ་གྲངས་ཉུང་མི་རིགས་ལ་གཞུང་ཁ་ཁར་དགོས་སྐོར་བརྩད་ཅིང་། ༡༠༨༣ ལོ་ནས་བཟུང་ནང་འཁྲུག་འདི་བརྡོལ་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ཨེ་ཤ་ཡའི་དམག་འཁྲུག་ཅིག་གི་མཐའ་མའི་ཡོ་ལང་།

  1. བློ་གྲོས་རྒྱལ་པོ།

    དུས་བབ་རྩོམ་སྒྲིག་པ་ལགས། རྒྱ་གར་གྱི་འོས་བསྡུ་ཆེན་མོའི་གནས་ཚུལ་དེ་གསར་འགྱུར་དང་པོའི་གྲས་སུ་བཞག་ན་བསམ་བྱུང་། ཐུགས་རྗེ་ཆེ།

  2. བློ་གྲོས་རྒྱལ་པོ།

    ཌ་མོལ་སྟག་ཚོགས་ཀྱི་རྒྱབ་ཕྱོགས་སུ་རྒྱ་གར་གཞུང་གི་རྒྱབ་སྐྱོར་ཡོད་པར་བརྟེན་ཤྲི་ལིང་ཁ་གཞུང་ལ་དཀའ་ངལ་མང་པོ་འཕྲད་པ་རེད། ཊ་མལ་སྟག་ཚོགས་ཡང་རྒྱ་གར་ལྷོ་ཕྱོགས་ཌ་མལ་ན་ཌིའི་མི་རིགས་དེ་སྔོན་དབྱིན་ཇིའི་དབང་བསྒྱུར་སྐབས་མི་སེར་སྤོས་པ་ཤ་སྟག་རེད།