བོད་པ་དང་ཡུལ་མིའི་བར་དུ་འཁྲུག་འཛིང་།

རྒྱ་གར་ཡུལ་མི་དང་བོད་མི་གཞོན་སྐྱེས་འགའི་བར་དུ་འཁྲུག་འཛིང་ཤོར་ཏེ། ཡུལ་མི་གཉིས་ལ་གྲིས་བརྒྱབས་པར་བརྟེན། བོད་མི་བདུན་ད་ལྟ་བཙོན་དུ་བཅུགས་ཡོད།

 

ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཡས་མས་སུ་བོད་རིགས་གཞོན་སྐྱེས་བརྒྱད་དང་རྒྱ་གར་ཡུལ་མི་འགའི་བར་དུ་འཁྲུག་འཛིང་ཤོར་ཏེ། མཐར་ཚེ་བརྟན་རྡོ་རྗེ་འབོད་པས་ཡུལ་མི་གཉིས་ལ་གྲིས་བརྒྱབས་པར་བརྟེན། ཕྱི་ཉིན་ཉེན་རྟོག་པས་བོད་རིགས་གཞོན་སྐྱེས་དེ་དག་འཛིན་བཟུང་བྱས་ཡོད་འདུག བོད་རིགས་གཞོན་སྐྱེས་དེ་དག་ནི། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གཞིས་གྲོང་དྲུག་པའི་ཀུན་དགའ་དོན་འགྲུབ་དང་དོན་འགྲུབ། གཞིས་གྲོང་ལྔ་བའི་བཟང་བོ་ཚེ་རྒྱལ་དང་ལྷུན་གྲུབ་བཟང་བོ། ཚེ་བརྟན་རྡོ་རྗེ། བསྟན་འཛིན་ལེགས་མཛེས། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་དགྲ་འདུལ་བཅས་ཡིན་འདུག

 

ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞི་མགོ་བཀྲ་ཤིས་དབང་འདུས་སར་བཅར་ཏེ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། གནད་དོན་འདིའི་བྱུང་རྐྱེན་གཙོ་བོ་བོད་རིགས་གཞོན་སྐྱེས་དེ་ཚོ Dubare གླིང་གར་ཆུ་རྐྱལ་དུ་སོང་ནས་ཕྱིར་ཡོང་ཁར་སྦི་རག་འཐུང་སྟེ། རྒྱ་གར་སྐྱེས་དམན་ཞིག་ལ་བསྙད་བསྐོས་པར་བརྟེན་ཡུལ་མི་དང་འཁྲུག་འཛིང་ཤོར་ཏེ། ཁོང་ཚོས་ཡུལ་མི་དེ་གཉིས་ལ་ལྟེབ་གྲི་ཆུང་ཆུང་ཞིག་བཙུགས་འདུག དེ་རྗེས་ཁོང་ཚོ་བྲོས་ཐར་འདུག་ཀྱང་སྦག་སྦག་གཉིས་ཀྱི་ཨང་གྲངས་བཤུས་འདུག་སྟབས་བྲོས་ཐར་ས་ཡོད་པ་མ་རེད།

 

དགོང་མོ་དེར་ཡུལ་མི་ཉིས་བརྒྱ་ལྷག་རྣམ་གྲོལ་གླིང་དགོན་པ་ནས་ཀོའུ་ཤལ་ན་གྷར་ Kushalnagar དུ་འགྲོ་བའི་གཞུང་ལམ་ཐོག་འཛོམས་ཏེ། ངོ་རྒོལ་བྱས་པ་མ་ཟད། བོད་མི་འགྲུལ་བཞུད་པ་ཉི་ཤུ་ཙམ་བཀག་སྐྱིལ་བྱས་འདུག ཉེན་རྟོག་པས་ཁ་པར་སླེབས་པ་ལྟར་ང་དང་བརྒྱ་དཔོན་ཁག་ཅིག་དེར་འཛོམས་སྐབས་ཡུལ་མི་ཚོས་ལམ་སང་མི་རྩིས་སྤྲོད་དགོས་ཀྱི་ཡོད། དེ་མིན་ཉེ་འཁོར་གྱི་གྲོང་གསེབ་ཁག་ཚང་མ་མཉམ་རུབ་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན། བོད་མི་ཚོས་ད་བར་རྒྱ་གར་ས་ཐོག་ནས་སྐྱིད་པོ་རྒྱགས་པ་བྱས་བསྡད་དེ། དེང་སྐབས་ཡུལ་མི་ཚོ་ཡང་མིག་ནང་དུ་འཇོག་གི་ཡོད་པ་མ་རེད། སྐྱེས་དམན་ལ་རྡུང་བ་དང་ཡུལ་མི་གཡོག་ཏུ་ཉར་གྱིན་ཡོད་པ་རེད། ཁང་བརྩེགས་རྫིག་པོ་བརྒྱབས་པ་དང་རླངས་འཁོར་དང་སྦག་སྦག་རྫིག་པོ་ཞོན་ནས་འགྲོ་གིན་ཡོད་པ་རེད། སྐྱབས་བཅོལ་བ་ཡིན་པ་ངོས་ཟིན་གྱི་ཡོད་པ་མ་རེད་སོགས་ཁར་གང་ཡོང་གིས་ཚིག་སྡུག་ནས་སྡུག་ཚད་བེད་སྤྱོད་གཏོང་གི་འདུག་ལ། སྐད་ཆ་བཤད་སའང་མི་འདུག དེ་བཞིན་བོད་མི་ཚོ་སྦེལ་ཀོབ་ནས་ཕྱིར་འབུད་གཏོང་དགོས་པ་རེད་ཟེར་བ་ལྟ་བུ་ངོ་རྒོལ་དང་སྐད་འབོད་བྱས་ཏེ་མཚན་གྱི་ཆུ་ཚོད་ ༡༠ ཡོལ་སོང༌།

 

དེ་ནས་ཧུང་སོར་ནས་ཀྱང་ཉེན་རྟོག་པའི་དཔོན་པོ་མཐོ་གྲས་ཤིག་ཕེབས་སོང་ལ། ང་ཚོས་ཉིན་དེའི་ཕྱི་ཉིན་ཞོགས་པའི་ཆུ་ཚོད་བཅུ་བ་བར་དུ་བོད་མི་དེ་དག་སུ་ཡིན་རྩད་གཅོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང༌། ཉེན་རྟོག་པས་ཀྱང་ཁོང་ཚོས་འགན་ལེན་བྱེད་ཆོག ཁྱེད་ཚོ་ཕྱིར་ནང་དུ་ལོག་རོགས་ཞེས་བརྗོད་སྟབས་དགོང་མོ་དེར་ཆུ་ཚོད་ ༡༡ ཙམ་ལ་ཁོང་ཚོ་ནང་དུ་ལོག་སོང༌། ཕྱི་ཉིན་ཞོགས་པ་སྔ་བོ་ནས་གྲིས་བརྒྱབས་པའི་ཡུལ་མི་གཉིས་ཀྱི་ནང་མིའི་སར་ཕྱིན་ཏེ། ཧིན་སྒོར་ཆིག་ཁྲི་རེ་སྨན་དོད་དུ་སྔ་འདོན་བྱས་པ་མ་ཟད། ཁོང་གཉིས་ཀ་ནི་ལས་ཀ་བྱེད་མཁན་དེ་འདྲ་རེད་འདུག་པས། སྨན་ཁང་དུ་ཉིན་ག་ཚོད་རིང་འདུག་དགོས་བྱུང་ཡང༌། ཉིན་རེ་བཞིན་ཧིན་སྒོར་བརྒྱ་རེ་སྤྲོད་རྒྱུ་བྱས་སྟབས། ནང་མི་ཚོ་ལྷོད་ལ་བབས་སོང༌། ཆུ་ཚོད་བཅུ་བ་མ་ཟིན་ཙམ་ལ་སྦག་སྦག་གཅིག་གཞིས་གྲོང་དྲུག་པ་ནས་རེད་ཟེར་བ་ཞིག་ཐོས་སོང་ལ། ཅུང་མ་འགོར་བར་ཉེན་རྟོག་པས་མི་བཞི་བཟུང་ནས་སླེབས་སོང༌། དེ་རྗེས་རིམ་པས་ཚང་མ་རྙེད་འདུག་ལ། གྲི་རྒྱག་མཁན་གཙོ་བོ་དེ་བྷེང་ལོར་དུ་བྲོས་འདུག་ཀྱང་ཁ་པར་བཏང་སྟེ་ཤོག་ལབ་པ་ལྟར་དེ་རིང་ཡོང་གི་ཡོད་ཅེས་གསུངས་སོང༌།

 

དེ་བཞིན་ཁོང་གིས་ཕྱི་ཚེས་ ༡༥ ཉིན་རྒྱ་གར་ཡུལ་མི་ཁག་ཅིག་གིས་ང་ཚོ་མཉམ་དུ་འཛོམས་དགོས་ཀྱི་འདུག བོད་མི་དང་ཡུལ་མིའི་འབྲེལ་བ་ཡག་ཏུ་གཏོང་དགོས་ཀྱི་འདུག གྲོས་བསྡུར་བྱ་དགོས་ཀྱི་འདུག་ཟེར་གྱིན་འདུག་པས་ང་ཚོ་འཛོམས་པ་ཡིན། ཡིན་ནའང༌། ཁོང་ཚོས་ད་ལོ་བོད་མི་སྐྱབས་བཅོལ་དུ་ཡོང་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་ཀྱང༌། དེ་ནི་རྒྱ་གར་དུ་སླེབས་ནས་མི་ལོ་ལྔ་བཅུའི་རིང་སྐྱིད་པོ་རྒྱགས་པ་བྱས་ནས་ལོ་ལྔ་བཅུ་འཁོར་བ་དང་རྒྱ་གར་ཡུལ་མིར་བརྙས་བཅོས་བྱས་ནས་མི་ལོ་ལྔ་བཅུ་འཁོར་བའི་དགའ་སྟོན་བྱེད་ཀྱིན་ཡོད་པ་རེད་སོགས་བརྗོད་ཀྱི་འདུག་ལ། བོད་མི་ཚོས་གླང་ཤ་ཟ་གིན་འདུགྭ བུད་མེད་ཚོས་ནུ་མ་སྟོན་ལ་ཁད་བྱས་ནས་འགྲོ་གི་འདུག ཕོ་ཚོས་རྐུབ་བསྟན་ནས་འགྲོ་གི་འདུག དེ་ཚོ་བོད་དང་རྒྱ་གར་གང་གི་ལུགས་སྲོལ་རེད། དེ་ཚོ་མཚམས་འཇོག་བྱེད་དགོས་ཀྱི་འདུག རྗེས་ཕྱོགས་ཡུལ་མིར་བརྙས་བཅོས་བྱ་རྒྱུ་མཚམས་འཇོག་དགོས་པ་རེད་ཅེས་བཤད་ཀྱི་འདུག

 

ང་ཚོའི་ངོས་ནས་ཀྱང༌། ང་ཚོ་ད་བར་དུ་སྦེལ་ཀོབ་ཏུ་བསྡད་རིང་སྤྱིར་བཏང་ནས་བོད་མི་ཚོས་རྒྱ་གར་ཡུལ་མིར་བརྙས་བཅོས་བྱས་བསྡད་ཡོད་པ་མ་རེད། བརྙས་བཅོས་བྱེད་ཐུབ་གིའང་མ་རེད། ཡིན་ནའང༌། གཞོན་སྐྱེས་རེ་ཟུང་ཡོང་གི་འདུག་ལ། དེ་ཚོར་རྗེས་ཕྱོགས་ནས་སློབ་གསོ་གཏོང་གི་ཡིན། དེ་མིན་ཤ་ཟ་བ་ལྟ་བུར་མཚོན་ན། གཞིས་གྲོང་ཁག་ཏུ་ཁྱེར་ཡོང་ནས་བཙོང་མཁན་ཡུལ་མི་རང་ཉིད་རེད། ང་ཚོའི་གཞིས་གྲོང་ཁག་ཏུ་གླང་གོག་གསོད་མཁན་དང་ཤ་འཚོང་མཁན་ཡོད་པ་མ་རེད། ང་ཚོ་བོད་མི་ཚང་མར་ཤ་མ་ཟ་ལབ་དགོས་ན་ལབ་ཚོད་ཡོད་པ་མ་རེད། ཁྱེད་ཚོས་གླང་ཤ་བཙོང་མཁན་གཅིག་གཉིས་ཤིག་བཀག་བཞག་ན་འགྲིག་གི་ཡོད་པ་རེད། དེ་ལ་དཀའ་ལས་ཡོད་པ་མ་རེད་ཅེས་བརྗོད་ཡོད་ལ། དེ་བཞིན་ཁོང་ཚོས་གྲྭ་པ་ཚོས་ཆང་འཐུང་གིན་འདུག་ཟེར་བ་དང༌། གྲྭ་བས་གཞང་ཁང་འགྲིམ་གྱིན་འདུག་ཅེས་བརྗོད་ཀྱི་ཡོད་པ་མ་ཟད། ཡུལ་མི་གཉིས་ཀར་གྲིས་རྒྱག་མཁན་ཡང་གྲྭ་བ་རེད་ཅེས་ས་གནས་ཚགས་པར་སྟེང་གནས་ཚུལ་སྤེལ་འདུག ང་ཚོས་གྲི་རྒྱག་མཁན་གྲྭ་བ་ Lama མ་རེད། མི་སྐྱ་རེད། ག་རེ་བྱས་ནས་གྲྭ་བ་རེད་ཟེར་བ་ཡིན་ཞེས་བརྗོད་སྐབས། ང་ཚོས་བོད་མི་ཚང་མར་བླ་མའི་འདུ་ཤེས་འཛིན་གྱི་ཡོད། དེའི་སྟབས་ཀྱིས་བླ་མ་ཞེས་བྲིས་པ་ཡིན་ཟེར།

 

གང་ལྟར་ང་ཚོས་རྗེས་ཕྱོགས་བོད་མི་ཚོར་བསླབ་བྱ་རྒྱག་གི་ཡིན། ཡུལ་མིར་བརྙས་བཅོས་བྱེད་འཇུག་གི་མིན། བོད་མི་ཚོས་གོན་པ་གྱོན་སྟངས་ལ་གཟབ་ཆོག་ཅེས་བརྗོད་ཡོད། ཡིན་ནའང༌། གོང་གི་སྐད་ཆ་དེ་ཚོ་བོད་མི་ཚོའི་སྟེང་མི་དགའ་བ་ཁ་ཤས་ཀྱིས་བརྗོད་པ་རེད། ཁོང་ཚོ་ནམ་རྒྱུན་བོད་མིར་མི་དགའ་བ་དེ་འདྲ་རེད། ཚོགས་འདུ་གྲོལ་རྗེས་ཡུལ་མི་ཁོ་ཚོའི་ནང་ཁུལ་དུའང་ག་རེ་བྱས་ནས་སྐད་ཆ་དེ་འདྲའི་སྡུག་པོ་བཤད་པ་ཡིན། དེ་ཚོ་བཤད་ན་ཡག་པོ་མི་འདུག་ཟེར་ནས་ཕན་ཚུན་ལ་བཤད་རེས་རྩེད་ཀྱིན་འདུག སྤྱིར་ཡིན་ན་སྔོན་མར་འདི་ལྟ་བུའིརྙོག་དྲ་རེ་བྱུང་ཡང་མི་སྒེར་བ་དེ་ལ་སྐྱོན་བརྗོད་དང་ཉེས་ཆད་ཕོག་གི་རེད་མ་གཏོགས། བོད་མིའི་གཞིས་ཆགས་ཁག་ཡོངས་ཕྱིར་འབུད་གཏོང་གི་ཡིན་ཟེར་བ་ལྟ་བུ་ཡོད་པ་མ་རེད། ཡིན་ནའང༌། དེང་སྐབས་དོན་དག་ཆུང་ཙག་ཅིག་ཡིན་ཡང༌། ལམ་སང་སྐད་ཆ་སྡུག་ཚད་བཤད་ཡོང་གི་འདུག་ཅེས་སོགས་གསུངས་པ་དང༌། ཐར་ཁོང་གིས། ད་གང་ལྟར་དོན་དག་ཇི་ལྟར་ཐག་གཅོད་བྱེད་མིན་རེད་མ་གཏོགས་སྤྱིའི་ཆ་ནས་འཇགས་ཟིན་པ་ལྟ་བུ་རེད་ཅེས་ཐེངས་འདིའི་དོན་རྐྱེན་འདི་ཞི་འཇགས་སུ་སོང་ཡོད་པར་གསུངས་སོང༌།

 

གཞོན་སྐྱེས་བརྒྱད་ཀྱི་ཁྲོད་ནས་ལྔ་སློབ་ཕྲུག་ཡིན་པ་དང༌། དེ་དག་ལས་ལོ་ཆུང་ཤོས་བསྟན་འཛིན་དགྲ་འདུལ་ཟེར་བ་དེ་རང་ལོ་བཅོ་ལྔ་ཡིན་སྟབས། ཉེན་རྟོག་པས་བཀག་ཉར་བྱས་མེད་པས། ཉིན་དེའི་ཕྱི་དྲོར་འདི་གའི་གསར་འགོད་པ་ཁོའི་སར་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཁོང་ཚོ་ཆུ་བརྐྱལ་ཚར་རྗེས་ཀུན་དགའ་དོན་འགྲུབ་དང་བསྟན་འཛིན་ཆོས་རྒྱལ་གཉིས་སྔོན་ལ་འགྲོ་གི་ཡིན་ཟེར་ནས་ཕྱིན་སོང༌། ཅུང་མ་འགོར་བར་རྒྱ་གར་ར་བཟི་འགས་ལམ་བཀག་ནས་འགྲོ་འཇུག་གི་མི་འདུག མགྱོགས་པོར་ཤོག་ཟེར་ནས་ཁ་པར་སླེབས་སྟབས་ང་ཚོ་ཡོང་བ་ཡིན། ང་ཚོ་ཐོན་དུས་རྒྱ་གར་ལྔ་དྲུག་ཅིག་འདུག་ལ། ར་བཟི་འདུག་པས་འགྲོ་རུ་འཇུག་གི་མི་འདུག དེར་བརྟེན་ང་ཚོའི་བར་འཁྲུག་པ་ཤོར་སོང༌། ཡིན་ནའང༌། ང་ཚོ་ཡར་སླེབས་རྗེས་མ་གཏོགས་གྲིས་བརྒྱབས་ཡོད་པ་ཤེས་རྟོགས་མ་བྱུང༌། ཡར་ཐོན་དུས་ཚེ་བརྟན་རྡོ་རྗེས་གྲིས་བརྒྱབས་ཡོད་ཟེར་གྱིན་འདུག་ཅེས་བརྗོད་སོང་ལ། ཁོས་བརྗོད་ན། ཉིན་དེར་ཁོང་ཚོས་ཆང་འཐུང་མེད་ཟེར། ཡུལ་མི་ནད་པ་གཉིས་ཀ་མེ་སོར་སྨན་ཁང་ཞིག་ཏུ་ཡོད་ཀྱང༌། ཚབས་ཆེའི་སྨས་སྐྱོན་བཟོས་ཡོད་མི་འདུག་ལ། བོད་མི་བདུན་ད་དུང་བཙོན་ཁང་དུ་བཅུགས་ཡོད་འདུག

 

 

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

13 thoughts on “བོད་པ་དང་ཡུལ་མིའི་བར་དུ་འཁྲུག་འཛིང་།

  1. ལི་ཆུ་དྭངས་མ།

    དངོས་ནས་ཕམ་པོ་རེད་། དེང་སང་ང་མཚོའི་སྤྱི་ཚོགས་ནང་དེ་འདྲའི་རིགས་མང་པོ་ཡོང་གི་འདུག ། གཙོ་བོ་ང་མཚོ་ངོས་ནས་སྤྱོད་པ་གཟབ་གཟབ་བྱེད་དགོས་ཡ་དེ་གལ་ཆེན་པོ་རེད་། ང་མཚོ་ཚང་མ་སྐྱབས་གཅོལ་བ་རེད། ང་ཚོ་ཚང་མ་འདི་འདྲའི་སྐྱིད་པོ་སྡོད་ཆོག་པ་དེ་༸གོང་ས་མཆོག་ཁོ་ནའི་བཀའ་དྲིན་རེད་དེ་འདྲ་ཡིན་དུས་ཚང་མས་བཀའ་དྲིན་ངོ་ཤེས། གདམས་ངག་གི་དོན་སྟོག་པར་བྱེད་དགོས། སྤྱིར་འདི་འདྲིའི་རིགས་ལ་རྒྱ་གར་གྱི་ཁོངས་སུ་ཧེ་མ་ལྭ་ཡི་རིགས་རྒྱུད་ཚོའི་མགན་ཁུར་དགོས་ཀྱི་འདུག ། ཁ་སང་གི་གནས་ཚུལ་འདི་བྱུང་སྐབས་རྒྱ་གར་༼Karnataka༽གྱི་ཚག་ཤོག་ཐོག་གྲི་རྒྱག་མཁན་གྲྭ་པ་རེད་ཞེས་བཀོད་འདུག། འདིའི་ཐོག་ལ་ཧེ་མ་ལྭ་ཡི་རིགས་རྒྱུད་ཚོའི་མགན་ཁུར་ནས་ངོ་རྒོལ་ཞིག་རྒྱག་ཐུབ་བསམ་པའི་རེ་བ་ཆེན་པོ་རྒྱབ་པ་ཡིན་ཏེ་ཁོང་ཚོ་ཚང་མ་ཁུ་སིམ་སྡོད་སོང་། ང་རང་ལྟ་བུ་བློ་ཕམས་ཆེན་པོ་བྱུང་སོང་། དེ་མིན་བོད་པ་ནང་ཁུལ་ལ་ལས་སྒོལ་དེ་འདྲ་མང་པོ་སྤེལ་སྡོད་ན་ནང་ལོག་མ་ཆམ་པའི་རྒྱུར་འགྲོ་ཡ་ཞིག་མ་སྟོག་དགོས་པ་མ་མཐོང་ངོ།