པན་ཆེན་ཆུང་སྲིད་གློད་ཐབས་ཀྱི་བགྲོ་གླེང་།

ད་ལྟའི་ཆར་ཐོག་མར་སྐུ་འཚོ་བཞུགས་ཡོད་མེད་གསལ་བོ་གནང་དགོས་པ་གལ་ཆེན་པོ་རེད་ལ། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་ཀྱི་ཆབ་སྲིད་བཙོན་པ་གཞན་དང་མི་འདྲ་བར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་ཡང་མཁྱེན་དགོས་ཟེར།

ཚེས་ ༡༧ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་གཞུང་ཟློས་གར་ཚོགས་ཁང་དུ། ཇི་ལྟར་བྱས་ཏེ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་ཡོང་ཐབས་བྱེད་དགོས་སམ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་ཡོད་ལ། བགྲོ་གླེང་སྟེང་གསུང་བཤད་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ༧པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཀྱི་རྩོམ་སྒྲིག་འགན་འཛིན་བློ་བཟང་བཀྲ་ཤིས། བོད་ཀྱི་བང་ཆེན་གྱི་གསར་འགོད་པ་གངས་ལྷ་མོ་བཅས་མི་ལྔ་གདན་འདྲེན་ཞུས་ཡོད། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ཐད་རྒྱུན་ལས་བསྟན་འཛིན་སྒྲོལ་མ་ལགས་ནས་གསུངས་དོན། ད་ལྟ་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་ཡང་རྒྱ་ནག་གིས་ལན་འདེབས་བྱས་མེད་ལ། དེ་བཞིན་འབུར་དུ་ཐོན་པའི་གྲུབ་འབྲས་ཤིག་མ་ཐོན་པས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བགྲོ་གླེང་འདི་གོ་སྒྲིག་ཞུ་དོན་ཡང་གཙོ་བོ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱའི་བཙན་དབང་ནས་མགྱོགས་མྱུར་གློད་གྲོལ་ཡོང་ཐབས་ལ་འཆར་ལྡན་གྱི་ཐབས་ལམ་ཞིག་འཚོལ་རྒྱུའི་འབད་བརྩོན་དང་། འབྱུང་འགྱུར་ལས་འགུལ་སྤེལ་ཕྱོགས་ཐད་ནུས་པ་གོང་འཕེལ་གཏོང་རྒྱུའི་འབད་བརྩོན་ཞིག་ཀྱང་ཡིན་ཞེས་གསུངས་བྱུང་ལ། དེའི་རྗེས་དབུས་བོད་ཀྱི་བུད་མེད་མཉམ་ཞིབ་པ་ཟླ་སྒྲོན་ལགས་ཀྱིས། ད་ལྟ་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་ཡོང་བར་རྒྱལ་སྤྱིའི་སྒང་ལ་ལས་འགུལ་གང་སྤེལ་སོགས་ཀྱི་སྐོར་གསུངས་བྱུང་།

བགྲོ་གླེང་དངོས་སུ་དབུ་འཛུགས་གནང་བ་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས། སྤྱི་ལོ་ ༢༠༠༥ ལོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་པེ་ཅིན་དུ་ཕེབས་སྐབས། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཞུགས་ཡོད་པ་གསལ་བོ་ཡིན་ཡང་། དེའི་རྗེས་ད་ལྟ་བར་གནས་ཚུལ་གང་ཡང་རག་མེད་པ་རེད། ཁེ་ཉིན་ང་རང་ཨི་ཊ་ལི་རུ་ཡོད་སྐབས་ཚགས་པར་ཞིག་གི་ནང་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཞིག་མཐོང་བྱུང་ལ། སྐབས་དེར་རང་ཉིད་བློ་འཚབ་ཆེན་པོ་སྐྱེས་ཏེ་ཚགས་པར་དེའི་ལས་ཁུངས་ལ་འབྲེལ་བ་བྱས་ཀྱང་གནས་ཚུལ་ཡོང་ཁུངས་གསལ་བོ་མ་བྱུང་། གང་ལྟར་གོང་ནས་བུད་མེད་ལྷན་ཚོགས་ཀྱིས་ད་ལྟ་བར་ལས་འགུལ་སྤེལ་ཡང་གྲུབ་འབྲས་ཐོན་མེད་གསུངས་པར་ང་སྒེར་གྱི་བསམ་ཚུལ་ཡིན་ན་ང་ཚོའི་ངོས་ནས་ལས་འགུལ་སྤེལ་བར་གྲུབ་འབྲས་ཐོན་ཡོད་པ་རེད་བསམ་གྱིན་ཡོད། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ནས་ནུས་པ་ཐོན་ཡོད་པ་མ་རེད། དེ་ལྟ་བུའི་རྒྱལ་སྤྱིའི་ཚོགས་སྡེ་ཆེན་པོ་ཚོར་ནུས་པ་མེད་པ་ཡིན་པས་ང་ཚོས་གང་ཐུབ་ཀྱིས་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད། མི་མང་གང་མང་གིས་སྐད་འབོད་གནང་རྒྱུ་སོགས་གལ་ཆེན་པོར་བརྩི་གིན་མེད་ཀྱང་། མི་མང་གི་རྣམ་འགྱུར་ཧ་ཅང་གལ་ཆེན་རེད་བསམ་གྱིན་ཡོད་པས་མུ་མཐུད་ནས་ལས་འགུལ་སྤེལ་དགོས་པར་འདོད་ཅེས་གསུངས་བྱུང་།

བོད་ཀྱི་འ༷གྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་མཆོག་གིས། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་༧གོང་ས་མཆོག་གི་སྐུ་དབང་མེད་པར་གཏོང་བའི་བཙན་གནོན་བྱེད་ཀྱིན་ཡོད་པས། ངེད་ཅག་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀྱང་རྒྱ་ནག་གིས་བཙན་ཁྲིད་བྱས་ཡོད།  ད་ལྟའི་ཆར་ཐོག་མར་སྐུ་འཚོ་བཞུགས་ཡོད་མེད་གསལ་བོ་གནང་དགོས་པ་གལ་ཆེན་པོ་རེད་ལ། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་ཀྱི་ཆབ་སྲིད་བཙོན་པ་གཞན་དང་མི་འདྲ་བར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་ཡང་མཁྱེན་དགོས། གལ་ཏེ་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་གཏོང་བའམ་ཡང་ན་འཛམ་གླིང་ལ་སྟོན་དགོས་ན། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་དེ་གང་བྱ་དགོས་སམ། དེ་གང་དུ་སྦས་དགོས་སམ། དེ་བས་རྒྱ་ནག་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་གཏོང་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད། དེ་བས་ང་ཚོའི་གཞུང་དང་གཞུང་འབྲེལ་མ་ཡིན་པ། དེ་བཞིན་མི་སྒེར་ལ་སོགས་པས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་སྡིངས་ཆ་འདྲ་མིན་བཟོས་ཏེ་རྒྱ་ནག་གིས་ངེས་པར་དུ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་གནས་སྟངས་གསལ་བཤད་དང་ར་སྤྲོད་མིག་མཐོང་ལག་ཟིན་ཡོང་ཐབས་བྱ་དགོས། ལོ་རེར་འཁྲུངས་སྐར་ཙམ་ལ་ལས་འགུལ་རེ་སྤེལ་བ་ཙམ་གྱིས་གཏན་ནས་ཡོང་གི་མ་རེད་ལ། ང་ཚོས་གནད་དོན་གསར་བ་དང་མཉམ་དུ་གནད་དོན་རྙིང་བ་གཏན་ནས་བརྗེད་མི་ཉན། ད་ནི་ང་ཚོའི་གཞུང་གཙོས་པའི་མི་སྒེར་ཚང་མས་ནུས་པ་གཅིག་ཏུ་བསྡུ་རན་རེད་ལ། དམིགས་བསལ་གྱིས་༧པཎ་ཆེན་རིན་པོ་ཆེ་ཡི་གནད་དོན་འདིའི་ཐད་ལ་ནུས་པ་གཅིག་སྒྲིལ་གནང་དགོས། ༧པན་ཆེན་རིན་པོ་ཆེ་འཚོལ་དགོས། མི་མང་གིས་འགན་ལེན་གྱིན་མེད་པའི་ཚོར་སྣང་བྱུང་། ནམ་རྒྱུན་འདིར་གཞས་དང་ཞབས་བྲོའི་དགོང་ཚོགས་ཡོད་ན་མི་རྣམས་ཚོགས་ཁང་དུ་མ་ཤོངས་པར་ཕྱི་ལོགས་སུཡོད་ཀྱང་། འདི་ལྟ་བུའི་རྩ་དོན་དང་འབྲེལ་བའི་བགྲོ་གླེང་ལ་མི་མང་གིས་ཚོགས་ཁང་གི་ཕྱེད་ཀ་ལས་མི་འདུག ཞེས་གསུངས་བྱུང་།

བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གྱིས། ཇི་ལྟར་བྱས་ཏེ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་ཡོང་ཐབས་བྱེད་དགོས་སམ། ཞེས་པ་དང་མཉམ་དུ་ག་རེ་བྱས་ནས་གློད་དཀྲོལ་གཏོང་གི་མེད་པ་རེད་ཅེས་པའི་དྲི་བ་འདིའི་གནད་ཀྱང་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། སྤྱིར་རྒྱ་ནག་གིས་ཆབ་སྲིད་བཙོན་པ་གློད་ཀྱིན་ཡོད་པ་དང་། ༧པཎ་ཆེན་སྐུ་གོང་མ་དང་འབའ་བ་ཕུན་དབང་། རྟ་ནག་འཇིགས་མེད་སོགས་གློད་དཀྲོལ་བཏང་མྱོང་ཡོད་ཀྱང་། གལ་ཏེ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་དཀྲོལ་བཏང་བ་ཡིན་ན། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཤིག་གཏོར་ཐུབ་ཡོད་པ་མ་རེད། དེ་བཞིན་༧གོང་ས་མཆོག་གི་ཡང་སྤྲུལ་ངོས་འཛིན་སོགས་གནད་དོན་གལ་ཆེན་དག་ལ་བརྟེན་གློད་ཐུབ་ཀྱིན་ཡོད་པ་མ་རེད། ཅེས་དང་། གནས་ཚུལ་གཞན་ཞིག་ནི་ད་ལྟ་ཁོང་གློད་མིན་ལས་ཀྱང་ཁོང་དོན་དངོས་ཐོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཞིག་སླེབས་བསྡད་ཡོད་ལ། ཁ་ཉིན་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར། ང་ཚོས་གནས་ཚུལ་དེ་རྩད་གཅོད་བྱས་པ་ཡིན་ལ། གནས་ཚུལ་གྱི་ཁུངས་ངོ་མ་དེར་དངོས་སུ་འབྲེལ་བ་བྱེད་སྐབས། འབྱུང་འགྱུར་གྱི་ཟླ་ཤས་ནས་ཁོང་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་བཟོ་ཐུབ་པའི་རེ་བ་ཡོད་ཅེས་བཤད་བྱུང་། ཞེས་གསུངས་བྱུང་།

༧པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཀྱི་རྩོམ་སྒྲིག་འགན་འཛིན་བློ་བཟང་བཀྲ་ཤིས་ཀྱིས། མི་ལོ་ ༢༠ གོང་ལ་༧པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་པ་རེད། དེའི་རྗེས་རྣམ་སྤྲུལ་ངོས་འཛིན་བྱས་པར་རྒྱ་ནག་གིས་༧གོང་ས་མཆོག་ལ་ངོས་འཛིན་བྱེད་པའི་སྐུ་དབང་མེད་པར་དྲིལ་བསྒྲགས་ཀྱིས་ཁྱེའུ་ཆུང་ཆུང་ཁོང་བཙན་ཁྲིད་བྱས་པ་རེད། བོད་ཀྱི་ལོ་རྒྱུས་རྒྱལ་རབས་དང་སྲོལ་རྒྱུན་གང་གི་ངོས་ནས་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་༧པཎ་ཆེན་རིན་པོ་ཆེ་གཉིས་ནི་བླ་སློབ་ཀྱི་དམ་ཚིག་གཙང་བའི་བོད་ཀྱི་བླ་སྦྲུལ་རྣམ་གཉིས་ཡིན་པ་དང་། དམིགས་བསལ་གྱིས་༧རྒྱལ་པཎ་གཉིས་ཀྱི་སྐུ་ཕྲེང་བཞི་བ་ནས་ཕན་ཚུན་གྱི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་ཤིག་དར་ཡོད། ད་ལྟ་བོད་གཞུང་མང་གཉིས་ཀྱིས་ལས་འགུལ་འདྲ་མིན་སྤེལ་བར་རྒྱ་ནག་གིས་ང་ཚོ་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཐད་ལ་ལན་འདེབས་ཐེངས་བརྒྱད་བྱས་ཡོད་ཀྱང་། དེ་དག་གི་ནང་དུ་ཁུངས་ལྡན་ཡིད་ཆེས་རུང་བའི་གནས་ཚུལ་གང་ཡང་མེད། ད་ནི་ང་ཚོས་རྒྱལ་སྤྱིའི་ཆོས་རྒྱུད་རིས་མེད་ཀྱི་བླ་ཆེན་དང་ཆོས་ཚོགས་ཁག་གི་རྒྱབ་སྐྱོར་ཡོང་བར་ལས་འགུལ་སྤེལ་དགོས་པ་དང་། དམིགས་བསལ་གྱིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་བ་ཚོའི་རྒྱབ་སྐྱོར་ཡོང་ཐབས་གནང་དགོས། ༧པཎན་ཆེན་རིན་པོ་ཆེ་ཡི་སྐུ་ཕྲེང་རིམ་བྱུང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་དང་ཆོས་འབྲེལ་དམ་ཟབ་བྱུང་ཡོད་པ་སྐུ་ཕྲེང་རིམ་བྱུང་གི་མཛད་རྣམ་ནང་དུ་གསལ་བོ་ཡོད་ལ། དེ་བཞིན་ད་ལྟའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཁག་གི་ནང་དུ་༧པཎ་ཆེན་རིན་པོ་ཆེས་གོ་གནས་གལ་ཆེན་ཟིན་ཡོད་པས། ང་ཚོས་ངེས་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་༧པཎ་ཆེན་རིན་པོ་ཆེ་དང་ཁོང་ཚོའི་ཆོས་ཕྱོགས་ཀྱི་འབྲེལ་བ་ངོ་སྤྲོད་གནང་བའི་ལས་འགུལ་སྤེལ་དགོས་ལ། གཞི་ནས་མི་མང་གི་ནུས་པ་དང་རྒྱབ་སྐྱོར་གཅིག་ཏུ་སྒྲིལ་དགོས། གལ་ཏེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ང་ཚོར་རྒྱབ་སྐྱོར་བྱེད་ན་དེ་ནི་ང་ཚོ་ལས་ཤུགས་ཆེ་བ་ཡོང་གི་རེད། ཁོང་ཚོ་རྒྱ་གར་གྱི་མི་སེར་ཡིན་པས་མི་སེར་གཞན་གྱི་རྒྱབ་སྐྱོར་དང་ངོ་རྒོལ་ནི་ང་ཚོ་ལས་ཀྱང་ཤུགས་ཆེ་བ་ཡོང་གི་རེད། ཅེས་གསུངས་བྱུང་།

བགྲོ་གླེང་གསུང་བཤད་གནང་མཁན་མཐའ་མ་སྟེ། བོད་ཀྱི་བང་ཆེན་གྱི་གསར་འགོད་པ་གངས་ལྷ་མོ་ལགས་ཀྱིས། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་དཀྲོལ་ཡོང་པར་ཐོག་མར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དོན་ཚན་གང་ལ་འགལ་ཡོད་པ་ངོས་ཟིན་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ལ་འབོད་སྐུལ་ཞུ་དགོས་པ་དང་། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་སུ་ཡོད་པའི་བྱིས་པའི་ཐོབ་ཐང་ལག་ལེན་དགོས་པར་འབོད་སྐུལ་གཏོང་བ། རྒྱ་ནག་གི་སྒེར་གཅོད་སྲིད་དབང་ལ་ངོ་རྒོལ་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་པའི་རྒྱ་རིགས་དམངས་གཙོ་དང་རང་དབང་དོན་གཉེར་བ་སོགས་ལ་འབྲེལ་བ་དང་མཐུན་སྒྲིལ་གྱིས་ལས་འགུལ་སྤེལ་དགོས། ཞེས་གསུངས་བྱུང་།

མཐར་གསུང་བཤད་གནང་མཁན་ཚོའི་བར་ནས་ཕན་ཚུན་བགྲོ་གླེང་དང་དོགས་འདྲི་བྱས་པ་དང་། མི་མང་གིས་དྲི་བར་ལན་འདེབས་གནང་བ་སོགས་བྱས་ཡོད།  

༼གོང་གི་པར་དེ་གཉིས་ནི་ཕྱི་ཚེས་ ༡༤ ཉིན་གྱི་པར་རེད། པར་དང་པོ་དེ་གཞིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་ཁང་བ་ཞིག་གི་ཀླད་བཤིག་གསོ་བྱེད་ཀྱིན་པ་དང་། པར་གཉིས་པ་ནི་བཀྲ་ཤིས་ལྷུན་པོ་དགོན་པ་རེད།༽

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “པན་ཆེན་ཆུང་སྲིད་གློད་ཐབས་ཀྱི་བགྲོ་གླེང་།

  1. ལི་ཆུ་དྭངས་མ།

    དངོས་གནས་ཡག་པོ་རེད། ཡིནའང་ད་ལྟ་དུས་ཉག་ཕྲ་བ་འདི་འདྲའི་སྐབས་ལ་ཁོང་སྐུ་མཚོ་བཞུགས་ཡོད་མེད་ཞིམ་འཇུག་བྱེད་ཡ་དེ་ཁོ་བོའི་ཤུན་ཏུ་གལ་ཆེ་བར་མཐོང་ངོ་། དེ་འདྲ་སོང་ང་རང་ལ་མཚོན་ན་དུས་རྒྱུན་དུ་འདིའི་ཐོག་ལ་སེམས་འཕྲེལ་ཡོད།