ཡུ་རོབ་ལྗང་ཁུ་ཚོགས་པའི་དུས་སྟོན་ནང་གི་བོད།

ཕྱི་ཚེས་༡༧ ཉིན་ཡུ་རོབ་ལྗང་ཁུ་ཚོགས་པས་གོ་སྒྲིག་འོག་ལོ་འདིའི་ཕྱོགས་འགལ་བའི་དུས་སྟོན་ festival de la dissidence དེ་རྒྱལ་ས་ཕ་རི་སའི་ཉེ་འཁྲིས་Vincennes Cartoucherie ས་གནས་སུ་ཉིན་གཅིག་རིང་ཚུགས་ཡོད་ལ། དེར་ཆེད་མཁས་གདན་འདྲེན་གྱིས་རྒྱལ་སྤྱི་དང་། དམིགས་བསལ་ཨེ་ཤ་ཡའི་ཡུལ་ལུང་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བགྲོ་གླེང་གནང་ཡོད། འདི་ལོའི་ཡུ་རོབ་སྤྱི་འཐུས་ཀྱི་འོས་འཕེན་ནང་འགྲན་ཞུགས་གནང་ཡོད་པའི་བོད་མོ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་དུས་སྟོན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྲེལ་བརྗོད་གནང་ཡོད།

གསལ་བརྡ་འབྱོར་བ་ལྟར་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ང་རང་ Vincennes Cartoucherie ས་གནས་སུ་འབྱོར། དུས་སྟོན་དངོས་གཞི་ཚུགས་ས་ནི་ཉི་མ་ཟློས་གར་ཁང་ theatre du soleil ནང་རེད། ཟློས་གར་ཁང་གི་སྒོའི་སྟེང་དུ་ཧྥ་རན་སི་དང་བོད་ཀྱི་རྒྱལ་དར་ཆེན་པོ་གཉིས་ལྷན་དུ་བསྒྲེངས་ཡོད་པ་དེས་དུས་སྟོན་འདི་བོད་དམ། དམིགས་བསལ་བོད་དང་འབྲེལ་བའི་དུས་སྟོན་ཞིག་ཡིན་པའི་སྣང་བ་སྟེར། འོན་ཀྱང་འདི་ནི་ཡུ་རོབ་ལྗང་ཁུ་ཚོགས་པས་ལོ་ལྟར་ཚོགས་བཞིན་པ་ལས་དམིགས་བསལ་བོད་དང་འབྲེལ་བའི་དུས་སྟོན་ཞིག་མ་རེད། ཟློས་གར་ཁང་དུ་འཛུལ་སྐབས་ང་རང་ཧང་སངས་པར་གྱུར། གཞི་རྒྱ་ཆེ་བའི་ཟློས་གར་ཁང་འདིའི་བརྩིགས་ངོས་ཡོངས་སུ་སྒྲོལ་མའི་སྐུ་སྟོད་གཙོ་སྐུ་བྱས་པའི་སངས་རྒྱས་སྟོང་སྐུའི་ལྡེབ་རིས་བྲིས་ཡོད་པ་མ་ཟད། ལྡེབ་རིས་དེ་དག་ལོ་སྟོང་ཕྲག་འགོར་བ་ལྟར་ཧ་ཅང་གི་ལྡེབ་རིས་རྙིང་བ་ལྟར་བྲིས་འདུག གར་སྟེགས་ཀྱི་རྒྱབ་ཡོལ་སྟེང་སངས་རྒྱས་ཀྱི་སྤྱན་ཟུང་ཆེན་པོ་གཉིས་བྲིས་འདུག་ལ། ཀ་བ་དང་སྐས་འཛེགས་སོགས་ཀྱི་ངོས་སུ་ཡང་བཀྲ་ཤིས་རྟགས་བརྒྱད་སོགས་བོད་ལུགས་ཀྱི་རི་མོས་ཁེངས་འདུག བགྲོ་གླེང་གནང་མཁན་ཚོར་ཡང་དུས་རྒྱུན་ལྟར་ཕྱི་ལུགས་ཀྱི་ཅོག་ཙེ་དང་རྐུབ་སྟེགས་གང་ཡང་མེད་པར་གར་སྟེགས་སྟེང་བོད་ལུགས་ཀྱི་འབོལ་གདན་སྲབ་མཐུག་སྙོམ་པ་ཞིག་བཏིངས་འདུག་པ་ཙམ་རེད། ཟུར་དུ་དེང་རབས་ཀྱི་རོལ་གཞས་གཏོང་སའི་སྟེགས་བུ་ཞིག་ཡོད་པ་ཙམ་ལས། དེ་མིན་ང་རང་ཡུ་རོབ་གླིང་གི་ཟློས་གར་ཁང་ཞིག་ནང་སླེབས་པ་ལས་བོད་པའི་དགོན་སྡེ་གང་རུང་གི་འདུ་ཁང་ཆེན་མོ་ཞིག་གི་ནང་སླེབས་པའི་ཚོར་བ་སྟེར། རྗེས་སུ་རྒྱུས་ལོན་བྱས་པ་ལྟར་ན། བོད་ཀྱི་རྒྱལ་དར་བསྒྲེངས་ཤིང་ད་ལོའི་དུས་སྟོན་ཚོགས་ཡུལ་ཉི་མ་ཟློས་གར་ཁང་འདེམས་པ་ནི་ཡུ་རོབ་ལྗང་ཁུ་ཚོགས་པས་དམིགས་བསལ་བོད་ལ་མཐོང་ཆེན་དང་རྒྱབ་སྐྱོར་མཚོན་ཆེད་ཡིན་འདུག

བགྲོ་གླེང་དངོས་གཞི་ནི་ཚན་པ་འགར་བགོས་འདུག ལྗང་ཁུ་ཚོགས་པས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་འོས་འཕེན་ཆ་ཤས་ལེན་སྟངས་དང་། རྒྱལ་སྤྱི་དང་ཨེ་ཤ་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་སྐབས་བབ་ཀྱི་བགྲོ་གླེང་མ་བྱས་སྔོན་དུ་བརྗོད་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཐུང་ངུ་རེ་སྟོན་ཞིང་། དེ་རྗེས་བགྲོ་གླེང་དངོས་གཞི་མགོ་འཛུགས་ཀྱི་འདུག འགྲོ་བ་མིའི་ཐོབ་ཐང་མེད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་ར་ཤི་ཡ་དང་ཨབ་རྒན། རྒྱ་ནག བོད། འབར་མ་བཅས་ཚུད་འདུག་ལ། བགྲོ་གླེང་གནང་མཁན་ནི་ཡུལ་ལུང་དེ་དག་གི་ནང་འགྲོ་བ་མིའི་ཐོབ་ཐང་བརྩོད་ལེན་པ་དང་ཉམས་ཞིབ་པ། ལས་འགུལ་བ། ཆེད་ལས་མཁས་པ་སོགས་གདན་འདྲེན་བྱས་འདུག བོད་དང་རྒྱ་ནག་གཉིས་ཚན་པ་གཅིག་ཏུ་བཀར་འདུག ཧོང་ཀོང་ནས་ཆེད་དུ་ཕེབས་པའི་རྩོམ་པ་པོ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཝང་ཏིང་ཧྥུང་གིས་ ༼ བརྒྱད་ཅུ་གྱ་དགུའི་ལོར་ང་ཐེན་ཨན་མིན་དོན་རྐྱེན་ནང་ཞུགས་པ་ཡིན། དེ་ནས་ད་བར་དུ་ལོ་ཉི་ཤུ་འགོར་ཡོད། ལོ་འདི་དག་གི་ནང་རྒྱལ་ཁབ་ཁག་དང་སྲིད་གཞུང་ཁག ཐ་ན་བརྒྱུད་ལམ་ཁག་གིས་ཀྱང་རྒྱ་ནག་ལ་ལྟ་སྟངས་འགྱུར་ཡོད། ཁོང་ཚོས་ལོ་འདི་དག་གི་ནང་རྒྱ་ནག་ལ་འགྱུར་ལྡོག་བྱུང་བ་དང་། དེ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་འདོད་ཀྱིན་འདུག འོན་ཀྱང་ང་རང་ལྟ་སྟངས་དེར་མོས་མཐུན་མེད། རྒྱ་ནག་མི་དམངས་ད་དུང་འཇིགས་སྐྲག་དང་དངངས་འཚབ་ཀྱི་ནང་འཚོ་བཞིན་ཡོད་ལ། འདི་རང་དབང་དང་དམངས་གཙོ་གཅིག་བུའི་གནད་དོན་མ་ཡིན་པར་མི་སྒེར་ཀྱི་འཚོ་གནས་དང་ལས་ཀ་སོགས་ཐད་ནས་ཀྱང་དེ་ལྟར་ཆགས་ཡོད་། དེར་བརྟེན་རྒྱ་ནག་ལ་ད་བར་དུ་འགྱུར་བ་གང་ཡང་ཕྱིན་མེད། འགྱུར་ལྡོག་ཅིག་བྱུང་ཡོད་ན་དེ་ནི་ཕྱི་ཚུལ་དང་རྫུས་བག་གི་འགྱུར་བ་ཙམ་རེད།༽ ཅེས་ད་ལྟའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་དམིགས་བསལ་ཞིང་བ་དང་ལས་བཟོ་བས་རང་གི་འཚོ་གནས་ལ་འཇིགས་སྐྲག་དང་དངངས་འཚབ་ལས་གདེང་ཚོད་མེད་ཚུལ་སོགས་གསུངས་ཡོད། སྐལ་བཟང་སྒྲོལ་མ་ལགས་ཀྱིས་བོད་སྐོར་གཏམ་བཤད་གནང་སྐབས༼ དེ་རིང་འདིར་ཕེབས་པའི་ཚོགས་ཞུགས་པ་ཡོངས་ཀྱིས་བོད་ཟེར་དུས་རྒྱ་ནག་གི་ཡིན་པར་དགོངས་ཀྱི་ཡོད། དོན་དངོས་སུ་དེ་ལྟར་མིན། ཕྱི་ལོ་ལྔ་དགུ་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་པའི་སྔོན་དུ་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན།  རྒྱ་ནག་གིས་བཙན་འཛུལ་དེའི་སྐབས་བོད་མི་ས་ཡ་གཅིག་ལྷག་རྐྱེན་ལམ་དུ་བཏང་བ་མ་ཟད། བོད་ཀྱི་དགོན་སྡེ་དྲུག་སྟོང་གིས་གཙོས་པའི་རིག་དངོས་ཤུལ་བཞག་རྩ་གཏོར་དུ་བཏང་ཡོད། ད་བར་དུ་མི་ལོ་ལྔ་བཅུའི་རིང་རྒྱ་ནག་གིས་བོད་མི་ཚོར་སོ་སོའི་མངོན་འདོད་དང་མཐུན་པའི་རིག་གཞུང་དང་ཆོས་དད། འཚོ་གནས་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་སྤྲད་མེད་ལ།  ཚང་མས་མཁྱེན་གསལ་ལྟར། འདས་ལོར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་དེར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་ལས་འགུལ་བ་ཚོ་དམར་གསོད་དང་། ཉེས་རྡུང་། བཙོན་འཇུག ཚད་ལས་འདས་པའི་ཁྲིམས་གཅོད་སོགས་ལག་བསྟར་བྱས་དང་བྱེད་བཞིན་ཡོད། ༽ཅེས་བོད་ནང་གི་གནས་སྟངས་གསལ་བཤད་གནང།
དུས་སྟོན་འདིའི་སྟེང་ཡུ་རོབ་ལྗང་ཁུ་ཚོགས་པའི་ལྷོ་ནུབ་ཚོགས་སྡེའི་མགོ་ཁྲིད་དང་ཕྱི་ལོ་༢༠༠༧ལོའི་ཧྥ་རན་སིའི་སྲིད་འཛིན་འོས་གཞི་སྐུ་ཞབས་བྷོ་བུ ཇོ་སེ་ Bové José ལགས་ཀྱིས་གཙོས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་། ཧྥ་རན་སའི་ས་གནས་གཞུང་འཛིན་དཔོན་རིགས་ཁག་ཅིག་ཕེབས་ཡོད་པ་ལ། དེ་བཞིན་རྒྱལ་སྤྱི་དང་ཡུ་རོབ་ནང་སྙན་གྲགས་ཅན་གྱི་ཆབ་སྲིད་པ་དང་། གསར་འགོད་པ། སྒྱུ་རྩལ་པ། དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་སོགས་གནད་ཡོད་མི་སྣ་གང་མང་ཞིག་ཕེབས་ཡོད་འདུག བགྲོ་གླེང་གི་བར་གསེང་སྐབས་སྐུ་ཞབས་བྷོ་བུ ཇོ་སེ་ལགས་དུས་སྟོན་འདིར་ཡོང་བའི་བོད་མི་ཚོར་འཚམས་འདྲིར་ཕེབས་ཤིང་། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཁོང་ལ་ཡུ་རོབ་ལྗང་ཁུ་ཚོགས་པས་འདི་འདྲའི་དུས་སྟོན་སྐབས་བོད་དོན་བགྲོ་གླེང་གནང་བ་དང། དམིགས་བསལ་ཡུ་རོབ་འཐུས་མིའི་འོས་གཞི་ནང་བོད་མི་ཞིག་དམིགས་འཛུགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཤིང་། སྐབས་དེར་ཁོང་གིས་༼ འཛམ་གླིང་གང་སར་ཚོགས་པ་མང་པོས་བོད་ཐོག་རྒྱབ་སྐྱོར་གནང་བཞིན་པ་དང་བསྡུར་ན་ང་ཚོས་བྱས་པ་དེ་ཆུང་ཆུང་རེད། འོན་ཀྱང་ངས་ལས་ཀ་ཆུང་ཆུང་འདི་མ་འོངས་པའི་མགོ་འཛུགས་ཡག་པོ་ཞིག་ཆགས་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ང་རང་ལ་མཚོན་ན་དེ་སྔོན་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་པའི་སྡོད་གནས་སུ་གནས་ཚུལ་ལེན་པར་འགྲོ་མྱོང་། བོད་མིའི་མངོན་འདོད་གང་ཡིན་པ་དེ་ངས་གསལ་བོ་ཤེས་ཀྱི་ཡོད་ལ། དེར་རང་ནུས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་དེ་ངའི་ལས་འགན་རེད་ ༽ཅེས་གསུངས།

 ཉིན་གཅིག་གི་དུས་སྟོན་འདིའི་མཛད་རིམ་མང་ཤོས་བགྲོ་གླེང་གིས་ཟིན་ཡོད་ནའང་། དུས་སྟོན་གཞན་དག་ལྟར་བར་གསེང་དང་བཞེས་ལག་གི་དུས་ཚོད་ནམ་འཁེལ་ལ་རོལ་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་ཡོད་ལ། དགོང་དྲོ་ཆུ་ཚོད་བདུན་པ་ནས་དགུ་དང་ཕྱེད་ཀའི་བར་དམིགས་བསལ་གྱི་ཞབས་བྲོ་དང་རོལ་གཞས་གོ་སྒྲིག་གནང་འདུག

ཡུ་རོབ་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་གིས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

10 thoughts on “ཡུ་རོབ་ལྗང་ཁུ་ཚོགས་པའི་དུས་སྟོན་ནང་གི་བོད།

  1. དེང་སང་ཡི་གེ་འབྲི་སྐབས་གཟབ་ཙམ་བྱེད་ན་མ་གཏོགས་སུམ་རྟགས་དག་གསུམ་གྱི་དགེ་རྒན་ཚ་པོ་དེ་འདྲ་ཕེབས་འདུག་དཱ། ང་ཚོས་ཡིག་མགོ་འབྲི་སྲོལ་དེ་ཡང་ཉམས་པ་སླར་གསོ་བྱེད་དགོས་འདུག ངའི་བཤེས་གཉེན་ཞིག་གིས་གསུངས་པར་རྒྱ་འདྲེས་བོད་ལ་མགོ་རྔ་མེད་ཟེར་བ་མཚོན་དོན་དུ་ཡིག་མགོ་མེད་པ་བཟོ་གང་ཐུབ་བྱས་ཏེ་མཐར་ལམ་དུ་སོང་བ་རེད། འདིར་བཙན་བྱོལ་ནང་དུ་ཡང་མནོ་བསམ་མི་བཏང་བར་རྒྱ་རྗེས་སུ་འབྲངས་བཞིན་འདུག་ཅེས་པ་ནི་ངེས་པར་ཐུགས་མད་པའི་གཏམ་དུ་གོའོ།།

  2. དྲ་གྲོགས་དཀོན་མཆོག་ལགས།

    བསམ་ཚུལ་སྤེལ་བར་དགའ་གུས་ཞུ། ཁྱེད་ལ་འདྲི་བར་བྱ་བ་འདི་ཡོད། རང་༼སྐྱོན༽ལ་རང་༼རྐྱོན༽ཅེས་ར་མགོ་བྲིས་འདུག་པ་དང༌། འདི་འདྲ་བ་༼ཞིག༽་ལ་འདི་འདྲ་བ་༼ཤིག༽ སྤེལ་༼ཡོང༽་ན་ལ་སྤེལ༼ཡོངས༽ན། ཞེས་བྲི་ལུགས་འདི་ལུང་སྟོན་པ་གང་གི་ལུགས་ཡིན་ནམ། ཡི་གེ་ཐིག་ཕྲེང་གཉིས་རེའི་ནང་ཡིག་ནོར་གསུམ་རེ་སྤེལ་བ་འདི་སུ་ཞིག་གིས་བསླབས་སམ། གང་ཞིག་ནས་བསླབས་སམ། ཨ་ལ་ཀུ་རེ་ཡིན། ཐུགས་གཟབ་ཅིག་གནང་རེས་ཞུས་པ་ཙམ་མོ།།