བྱེས་སྡོད་བོད་མི་དག་གིས་ ༧གོང་ས་མཆོག་སྐུ་ལྷམ་མེར་བཞུགས་པའི་ད་ལྟའི་གསེར་ལས་དཀོན་པའི་གོ་སྐབས་འདི་ཆུད་ཟོས་སུ་མི་གཏོང་བར་ཚང་མས་བོད་མིའི་བདེ་སྐྱིད་སྔོན་བསུ་ལ་འབད་པ་བྱ་རྒྱུ་ང་ཚོའི་རེ་བ་ཡིན་ལ། དེ་བཞིན་འཐབ་རྩོད་ནི་རྒྱུན་མཐུད་དགོས་པ་ཞིག་ལས་སྐབས་བབ་ཀྱི་དབྱར་ཁའི་གནམ་ངོ་ལྟར་བྱས་ན་ཕན་ཐོག་ཡོད་བསམ་གྱིན་མེད་ཟེར།
བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་པའི་ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ་ཐེངས་གཉིས་པ། ཕྱི་ལོ ༢༠༠༩ ལོའི་ཟླ ༥ཚེས ༡༠ ཉིན་གསང་བའི་སྒོ་ནས་མགོ་འཛུགས་བྱས་ཡོད་འདུག ཚེས ༡༤ ཉིན་བླ་མ་ཤིང་བཟའ་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་ ༡༡ རྒྱ་གར་རྒྱལ་ས་ལྡི་ལི་ནས་དངོས་སུ་ལམ་ལ་ཆས་ཡོད་ཀྱང༌། ཚེས ༡༦ ཉིན་ལམ་ཁར་གངས་ཆེན་བབས་ཏེ་རླངས་འཁོར་སྐྱོད་མ་ཐུབ་སྟབས། བོད་སྐྱོད་པ་དག་གིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཞབས་ཐང་གིས་གོམ་བགྲོད་མགོ་འཛུགས་བྱས་ཡོད་འདུག ཐེངས་འདིའི་ལས་འགུལ་ནང་ཞུགས་མཁན་དག་ནི། ཕ་ཡུལ་ཁམས་འབྲི་རི་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༨ ཡིན་པའི་བསླབ་གསུམ་བསྟན་དར་དང༌། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་ཚེ་རིང་བསྟན་འཛིན། ཕ་ཡུལ་ཨ་མདོ་བླ་བྲང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་མཐའ་ཡས་རྒྱ་མཚོ། ཕ་ཡུལ་ཁམས་སྒ་བ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༡ ཡིན་པའི་བློ་བཟང་ཕུན་ཚོགས། ཕ་ཡུལ་ཁམས་རྫ་ཆུ་ཁ་བ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༦ ཡིན་པའི་བློ་བཟང་བྱམས་པ། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༦ ཡིན་པའི་བློ་བཟང་སྨོན་ལམ། ཕ་ཡུལ་ཁམས་ལི་ཐང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༩ ཡིན་པའི་སྐལ་བཟང་བསམ་འགྲུབ། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༡ ཡིན་པའི་ཉི་མ་གྲགས་པ། ཕ་ཡུལ་ཁམས་བྲག་མགོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༣༠ ཡིན་པའི་བསྟན་འཛིན། ཕ་ཡུལ་ཁམས་རྟ་བོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་བསོད་ནམས་རིན་ཆེན་བཅས་ཡིན་འདུག
དེ་རིང་ཉིན་གུང་ཁ་པར་བརྒྱུད་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། སྤྱིར་ཐེངས་འདིའི་ལས་འགུལ་ཁྲོད་དངོས་སུ་སྐྱོད་མཁན་ངེད་ཅག་མི་ ༡༡ ཡོད་ཀྱང༌། ཕྱི་ཚེས་ ༡༦ ཉིན་ནས་བཟུང་གངས་སྐྱོན་གྱིས་རླངས་འཁོར་བགྲོད་མ་ཐུབ་སྟབས། ཁོང་ཅག་གིས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་ང་རང་འགྲོ་ཐུབ་མ་སོང༌། ད་ལྟ་ང་རང་ཕྱིར་ལྡི་ལིར་ལོག་སྟེ་ཁོང་ཅག་གི་གནས་ཚུལ་ལ་སྒུག་ཡོད། དེ་རིང་སྔ་དྲོ་འབྲེལ་བ་ཐེངས་གཅིག་བྱུང་སོང༌། ཁོང་ཅག་ཞབས་ཐང་གིས་བསྐྱོད་དེ་ཉིན་གྲངས་ ༤ དེ་ཆགས་ཡོད་སྟབས། ད་ཆར་ཁོང་ཅག་གི་གཟུགས་པོའི་གནས་སྟངས་ཅུང་སྐྱོ་རུ་འགྲོ་བཞིན་ཡོད་པའི་སྐད་ཆ་འདུག དེ་མ་གཏོགས་ད་སྔ་ལམ་བར་ནས་བཀག་འགོག་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག ད་ལྟ་བོད་པའི་ས་མཚམས་ལ་ཐག་ཉེ་བོ་ཆགས་ཀྱིན་ཡོད་ཀྱང༌། ས་ཚིགས་གསལ་བོ་བཤད་རྒྱུར་སྟབས་བདེ་མི་འདུག གང་ཡིན་ཟེར་ན། རྒྱ་གར་མཐའ་སྲུང་དམག་མིར་གཞའ་དགོས་པ་རེད། ཐེངས་འདིར་ངེད་ཅག་བོད་ནང་དུ་བསྐྱོད་རྒྱུར་ཆོད་སེམས་དང་དམ་བཅའ་བརྟན་པོ་ཡོད། ང་ཚོར་ཐེངས་འདིར་གོ་སྒྲིག་དང་སྣེ་ཁྲིད་བྱེད་མཁན་གཞན་གཅིག་ཀྱང་མེད། ང་ཚོས་རང་དོན་རང་གཅེས་ཀྱིས་དང་ལེན་བྱས་པ་ཡིན་ལ། ད་དུང་མི་ ༨༠ ལྷག་གིས་ལས་འགུལ་འདིའི་ཆ་ཤས་ལེན་རྒྱུར་གྲ་སྒྲིག་ཨང་གསར་བྱས་བསྡད་ཡོད། ཅེས་ངོ་སྤྲོད་གནང་བྱུང༌།
བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པའི་ཐད་དགོངས་ཚུལ་དང་རེ་འདུན་གསུངས་དོན། ལས་འགུལ་འདི་མུ་མཐུད་ནས་སྤེལ་དགོས་པའི་རྒྱུ་མཚན་ནི་རང་ཉིད་གདོང་དམར་བ་ཞིག་གི་ཤ་ཁྲག་ལས་མཆེད་པ་ཡིན་སྟབས། ནམ་ཡང་མི་རིགས་ཀྱི་ཆེད་དུ་ང་ཚོས་འཚོལ་དགོས་པ་ནི་རྒྱལ་ཁབ་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་ཡིན། དེ་བས་ང་ཚོས་འདི་ལྟར་རང་གི་ཚེ་སྲོག་གིས་བོད་ཀྱི་མ་འོངས་པའི་བདེ་སྐྱིད་བསུ་འདོད་བྱུང་ལ། རྒྱལ་སྤྱིའི་མི་མང་རྣམས་ཀྱི་མདུན་སར་གཞིས་སྡོད་བོད་མི་ཚོར་རང་དབང་མེད་པའི་དོན་དངོས་ཀྱི་གནས་སྟངས་དེ་གསལ་བཤད་བྱ་འདོད་ཡོད། ང་ཚོའི་ལས་འགུལ་འདིར་ཐེངས་འདིའི་མི་བཅུ་ཙམ་མ་ཡིན་པར་ང་ཚོ་དང་འདྲ་བའི་ གྲོགས་པོ་མང་པོ་ཞིག་གིས་ལམ་ཁ་འདི་ན་སྒུག་ཡོད། དེ་དག་ཚང་མ་ཡང་ང་ཚོ་ནང་བཞིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་པའི་དཔའ་བོ་དཔའ་མོ་ཉག་གཅིག་ཡིན་པ་ང་ཚོར་ཡིད་ཆེས་ཡོད། གཞན་ད་དུང་བྱེས་སྡོད་བོད་མི་དག་གིས་ ༧གོང་ས་མཆོག་སྐུ་ལྷམ་མེར་བཞུགས་པའི་ད་ལྟའི་གསེར་ལས་དཀོན་པའི་གོ་སྐབས་འདི་ཆུད་ཟོས་སུ་མི་གཏོང་བར་ཚང་མས་བོད་མིའི་བདེ་སྐྱིད་སྔོན་བསུ་ལ་འབད་པ་བྱ་རྒྱུ་ང་ཚོའི་རེ་བ་ཡིན་ལ། དེ་བཞིན་འཐབ་རྩོད་ནི་རྒྱུན་མཐུད་དགོས་པ་ཞིག་ལས་སྐབས་བབ་ཀྱི་དབྱར་ཁའི་གནམ་ངོ་ལྟར་བྱས་ན་ཕན་ཐོག་ཡོད་བསམ་གྱིན་མེད། ཅེས་གསུངས་འདུག